62739

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཁོར་ལོ་རབ་སྟོང་སྐར་མ་ (1)
Part of speech མིང་ཚིག
Definition སྦས་པ་མཛུབ་ཚུགས་ལས་གསུངས་པའི་མན་ངག་ཅིག་སྟེ། བརྩི་བྱ་དག་གི་སྲོག་ལུས་ཀླུང་གསུམ་ལས་གང་རུང་གི་ཁམས་ཀྱིས་རང་ལོའི་དབང་ཁམས་གཅོད་པ་ལ་ཟེར་བ་ཡིན། སྤྱིར་བརྩི་བྱ་དེ་རིགས་ལ་བརྒྱ་ནོར་སྟོང་ལུག་ཡོད་ཀྱང་ཐ་མར་སྤྲང་བོར་འགྱུར་ཉེན་ཡོད་པས། རིམ་གྲོར་གསུང་རབ་དབུ་བཞི་དང་། བསྐལ་བཟང་། དགེ་སློང་བཅུ་གཉིས་ལ་གུང་ཚིགས་དང་ཡོན་འབུལ། སྤྲང་བྱིས་ལ་སྟོན་མོ་བཅས་བྱ་དགོས། བྱེ་བྲག་ཏུ་མེ་བྱི་ལྟ་བུ་ལུས་སྲོག་གཉིས་ཀའི་ཁམས་ཀྱིས་དབང་ཁམས་གཅོད་པའི་འཁོར་ལོ་རབ་སྟོང་སྐར་མ་ཡིན་ན། བརྩི་བྱ་དེ་རིགས་ལ་ཕ་མེས་ལྔ་བརྒྱའི་ནོར་ཐོབ་ཀྱང་མཐར་དབུལ་ཞིང་མིའི་བྲན་དུ་འགྲོ་བས། བཅོས་སུ་དགེ་སློང་བཞི་སྡེར་མཆོད་པ་དང་། གཡང་འགུགས། གཡང་སྒྲུབ། ཚོགས་གསོག་བཅས་བྱ་དགོས། ས་ཡོས་ལྟ་བུ་སྲོག་གིས་དབང་ཁམས་གཅོད་པའི་འཁོར་ལོ་རབ་སྟོང་སྐར་མ་ཡིན་ན། བརྩི་བྱ་དེ་རིགས་ལ་ཞལ་ཆེ་ཁ་ཡོགས་འོང་། ཁྱིམ་གྱི་འཕོ་འཕྱུགས་མང་། ཕ་མེས་ཀྱི་ཡུལ་ཞིང་མི་ལ་འཆོར། རང་གི་ནོར་ལ་ཤོར་གོད་མང་དུ་འབྱུང་བར་བཤད། ཤིང་གླང་ལྟ་བུ་ལུས་ཀྱིས་དབང་ཁམས་གཅོད་པའི་འཁོར་ལོ་རབ་སྟོང་སྐར་མ་ཡིན་ན། བརྩི་བྱ་དེ་རིགས་གཞོན་དུས་གསོ་སླ། ནོར་ལ་གང་སྟོངས་ཆེ། ཁྱིམ་སར་བྱེ་བྲལ་འབྱུང་། བུ་ཚ་ལྷག་ཆད་ཅན་འོང་། བྱེས་མི་འཕྲོད། རྒྱུན་དུ་གོད་དང་ཁ་མཆུ་མང་། ཕ་ཚན་ཉེ་བ་དགྲར་སྡང་བས། བཅོས་སུ་གཏེར་སྒྲུབ་དང་། གཡང་འགུགས། ས་བཅུ་བརྒྱད་སྟོང་། སྲུང་བའི་མདོ་བཞི་སོགས་གདོན་དགོས། སྐར་རྩིས་ཀུན་འདུས་ཆེན་མོར་བརྩི་བྱ་དག་གི་དབང་ཁམས་སོ་སོའི་སྲོག་ལུས་གསུམ་གྱི་དགྲའམ་བུ་རུ་འགྲོ་བ་དང་། ཤིང་ལྕགས་མེ་གསུམ་ནང་ཕྲད་ཡིན་པ་འཁོར་ལོ་རབ་སྟོང་ཡིན་པར་དཔེར་བརྗོད་ཀྱི་ལན་ནས་གསུངས་འདུག་ཀྱང་། བདག་གིས་སྲོག་ལུས་ཀླུང་རྟས་དབང་ཁམས་ལ་བཅད་པ་ཞེས་གསུངས་པའི་བྱེད་སྒྲའི་ཕྲད་དང་། བཅད་པའི་འབྲས་དཔྱད་ལ་གཞིགས་ནས་ཕྱིར་ལྡོག་སྟེ་སྲོག་ལུས་ཀླུང་གསུམ་གྱི་ཁམས་རང་ལོའི་དབང་ཁམས་ཀྱི་དགྲར་འགྲོ་བ་དག་དང་། དེ་མིན་གོང་བཞིན་ཤིང་ལྕགས་མེ་གསུམ་ནང་ཕྲད་ཡིན་པ་དག་འཁོར་ལོ་རབ་སྟོང་སྐར་མ་ཡིན་པར་ངོས་འཛིན་བྱས་ཡོད་པས་རིག་པས་དཔྱོད་ཅིག
Domain རྩིས་རིག