63024
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། སྤང་ལྟུང་སུམ་ཅུའི་ནང་གསེས་ཤིག་སྟེ། གླེང་གཞི་ནི་མཉན་ཡོད་དུ་འཕྱར་ཀས་དགེ་སློང་མ་སྦེད་མ་ལ་ཤམ་ཐབ་འཁྲུར་བཅུག་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆགས་པས་རྒྱུ་བྱས་ཏེ་རང་རིགས་ཀྱི་བསླབ་པ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་ཆོས་གོས་སམ་གདིང་བ་འཁྲུ་བ་ལ་སོགས་པ་བྱེད་དུ་འཇུག་ཅིང་ཕྱོགས་ལ་ལས་བྱས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། དགེ་སློང་གིས་རང་གི་ཆོས་གོས་རྙིང་པ་དག་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་འཁྲུར་བཅུག་སྟེ་འཁྲུད་པའི་བྱ་བ་བྱས་པ་ན་གྲུབ་པའི་བཅས་པའི་ཁ་ན་མ་ཐོ་བ་དེ་ཡིན་ཏེ། དགེ་སློོང་མ་ཉིད་དང་། ཉེ་དུ་མ་ཡིན་པ་ཉིད་དག་ལའོ། །བྱིན་གྱིས་བརླབས་པ་རང་གི་རྙིང་པ་འཁྲུར་བཅུག་པར་འོས་པ་ཆོས་གོས་དང་གདིང་བ་ལས་འགའ་ཞིག་བསྒོ་བས་འཁྲུད་འཇུག་གམ་འཚོད་དུ་འཇུག་གམ། འཆག་ཏུ་བཅུག་པ་དག་ནའོ། །ཞེས་དང་། འཆར་དགའི་ཁུ་བའི་ཐིགས་པ་གང་། །གོས་ལ་བབ་འཐོར་སྦེད་མ་ཡིན། །ཆགས་ཁྱེར་བུ་ཡི་རྒྱུ་གྱུར་པས། །དེ་ཡིས་ཀུན་བསླངས་འདི་རབ་བཅས། །དགེ་སློང་གང་ཞིག་ཉེ་དུ་མིན། །དགེ་སློང་མ་ལས་གོས་འཁྲུ་དང་། །འཚོད་དང་འཆག་པ་བྱེད་པ་ནི། །ངེས་པ་ལྟུང་བ་དང་ནི་ལྡན། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། ། |
| Domain | ཆོས་ལུགས། |