63100

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཁྲུལ་ཞིག་ཁྲི་འཛིན་གསུམ་པ་ས་སྤྲུལ་སྐུ་ཕྲེང་བརྒྱད་པ་པདྨ་ཕྲིན་ལས་ (1)
Part of speech མིང་ཚིག
Definition ཁོང་ནི། རབ་བྱུང་བཅུ་དྲུག་པའི་ཆུ་ཡོས་ ༡༩༦༣ ལོར་སྐྱ་ལ་ཚང་སར་འཁྲུལ་ཞིག་བརྒྱད་པ་གྲུབ་མཆོག་རིན་པོ་ཆེའི་སྐུ་མཆེད་ཞིག་གི་སྲས་སུ་འཁྲུངས། མཆོག་གཟིགས་ཆོས་ཀྱི་མགོན་པོ་དགུ་པ་རིན་པོ་ཆེས་ལུང་འཛིན་མཛད། འབྲུག་པ་ཆོས་མགོན་རིན་པོ་ཆེ་དང་། ཁམས་སྤྲུལ་རིན་པོ་ཆེ། འཁྲུལ་ཞིག་བརྒྱད་པ་ཨ་ལྡེའུ་རིན་པོ་ཆེ། རྡོ་རྫོང་རིན་པོ་ཆེ། ཆོས་རྒྱལ་རིན་པོ་ཆེ། ཚོགས་གཉིས་རིན་པོ་ཆེ་དང་བཅས་པ་རྣམས་ཀྱིས་རབ་བྱུང་བཅུ་བདུན་པའི་མེ་ཡོས་ ༡༩༨༧ ལོར་འཕགས་ཡུལ་བཀྲ་ཤིས་ལྗོངས་དཔལ་ཕུན་ཚོགས་ཆོས་འཁོར་གླིང་དུ་ཁྲི་ལ་ཐོག་མར་མངའ་གསོལ། ཕྱི་ལོ་ ༡༩༨༨ ལོར་རང་ཡུལ་དུ་ཕེབས། འཁྲུལ་ཞིག་དགོན་གྱི་གདན་སར་ཁྲི་འདོན་གྱི་མཛད་སྒོ་སྤེལ། མདོ་སྨད་སྡེ་དགེ་རྫོགས་ཆེན་ཤྲཱི་སེང་ཧའི་བཤད་གྲྭར་བཞུགས་ཤིང་། མཁན་རིན་པོ་ཆེ་པད་ཚེ་སོགས་ཀྱི་ཞབས་ལ་གཏུགས་ནས་ཐོས་བསམ་མཛད། འཁྲུལ་ཞིག་བརྒྱད་པ་ཨ་ལྡེའུ་རིན་པོ་ཆེའི་དྲུང་ནས་འབྲུག་ལུགས་གཙོ་བོར་གྱུར་པའི་གསར་རྙིང་གི་དཀྱིལ་འཁོར་མང་པོའི་དབང་ལུང་ཁྲིད་སོགས་ཆ་ཚང་བར་ཞུས། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ། ཆོས་དབང་སྤྲུལ་སྐུ་ཨོ་རྒྱན་རིན་པོ་ཆེ་སོགས་ཀྱི་མདུན་ནས་རྫོགས་ཆེན་སྡེ་གསུམ་གཙོས་པའི་དབང་དང་གདམས་ངག་མང་པོ་གསན་བསམ་མཛད། རྟག་ལུང་རྩེ་སྤྲུལ་རིན་པོ་ཆེའི་མདུན་ནས་རིན་ཆེན་གཏེར་མཛོད་ཆེན་མོའི་དབང་དང་། འབྲུག་ནམ་སྙིང་མཆོག་སྤྲུལ་གྱི་མདུན་ནས་ལུང་བཅས་གསན། ལུང་ལྷོ་འབྲུག་གི་རྗེ་མཁན་པོའི་མདུན་ནས་ཀྱང་དབང་ཁྲིད་དུ་མ་གསན། སྔོན་འགྲོ་ནས་བརྩམས་བསྙེན་སྒྲུབ་ཉམས་བཞེས་མི་ཉུང་བར་གནང་བ་མ་ཚད་ཡི་དམ་མི་འཁྲུགས་པ་དང་། ཕུར་པ། དེ་བཞིན་འཕོ་བ་བཅས་ལ་རྟགས་ཐོན་དུ་སྒྲུབ་སྦྱངས་མཛད། ཁྱད་པར་དུ་འཁྲུལ་ཞིག་བརྒྱད་པ་ཨ་ལྡེའུ་རིན་པོ་ཆེའི་ཉེ་གནས་མཛད་ཅིང་དུས་རྟག་ཏུ་འབྲལ་མེད་ཀྱིས་བཞུགས་པས་ཟབ་མོའི་གདམས་སྐོར་མཐའ་དག་ཐོབ། ད་ལྟར་སྔར་གྱི་གདན་སའི་ཤུལ་དུ་རྟེན་དང་བརྟེན་པ་བསྐྱར་དུ་གསར་བཞེངས་དང་དགེ་འདུན་གྱི་སྡེ་བཙུགས་པ་སོགས། བསྟན་དགོན་ཉམས་གསོའི་ཕྱག་ལས་ཐུགས་སྟོབས་ཆེན་པོས། གངས་ལྗོངས་ཀྱི་བྷོ་དྷི་ནཱ་ཐི་ཆེན་མོ་བྱ་རུང་ཁ་ཤོར་དང་། འབྲུག་བཅུ་གཉིས་ནས་མཆོག་ནས་གནང་བའི་འོད་དཔག་མེད་གསེར་སྐུ་མཐོང་གྲོལ་ཆེན་མོ་སོགས་ཀྱི་ཕྱག་རྗེས་འགྲན་ཟླ་བྲལ་ཞིང་ལུང་རྟོགས་བཤད་སྒྲུབ་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་བའི་ཕྱོགས་ལ་སྐུ་ངལ་ཁྱད་སད་ཀྱི་ཐུགས་རྩོལ་རྒྱ་ཆེར་བསྐྱང་བཞིན་པའོ། །