63108

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཁྲུལ་ཞིག་ཁྲི་འཛིན་དང་པོ་ཨ་ལྡེའུ་སྐུ་ཕྲེང་བདུན་པ་ཆོས་ཀྱི་རྒྱ་མཚོ་ (1)
Part of speech མིང་ཚིག
Definition འཁྲུལ་ཞིག་ཨ་ལྡེའུ་སྐུ་ཕྲེང་བདུན་པ་ཆོས་ཀྱི་རྒྱ་མཚོའམ་ནམ་མཁའ་འཇིགས་མེད་མཆོག་ནི། ནང་ཆེན་དཔལ་རོང་སེང་ཆེན་བྲག་ཞོལ། ཡབ་གུང་པ་པདྨ་ནོར་ཕྱུག་དང་ཡུམ་ལྷ་སྒྲོན་ཞེས་པའི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཤིང་བྱ་ ༡༨༨༥ ལོར་བལྟམས། ཡོངས་འཛིན་དྲུག་པས་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་བས། ཡབ་གཞིས་འབྱོར་བ་དམན་རྐྱེན། ཡིད་ཆེས་མ་བྱུང་བར་སླར་ཀརྨ་པ་མཁའ་ཁྱབ་རྡོ་རྗེར་ཞུས་པའི་རྗེས་དགོངས་བརྟག་གཅིག་གྱུར་བྱུང་ནས་ཐག་ཆོད། མཁན་ཆེན་འཇམ་དབྱངས་ཚུལ་ཁྲིམས་རྒྱ་མཚོ་སོགས་ཀྱིས་ན་བཟའ་ཁྲུས་གསོལ་གནང་སྟེ། སྔར་བཙོག་མནོལ་གྱིས་ཞལ་དང་སྤྱན་ཡོན་པོར་གྱུར་པའང་འཕྲལ་དེར་སོར་ཆུད། ཡོངས་འཛིན་དྲུག་པས་མཚན་ངག་དབང་ཆོས་ཀྱི་རྒྱ་མཚོ་དགེ་ལེགས་རྣམ་པར་རྒྱལ་བའི་སྡེར་གསོལ། བཤེས་གཉེན་ངག་དབང་ཆོས་མཆོག་ཡོངས་འཛིན་དུ་བསྟེན་ནས། མདོ་སྔགས་རིག་གནས་དཀྱིལ་ཆོག་སོགས་སློབ་གཉེར་གསན་སྦྱང་མཐར་ཕྱིན་མཛད། ཆུང་དུས་ནས་གཏེར་གྱི་ཁ་བྱང་རྙེད་དེ་ཞལ་དུ་གསོལ་བས། གཏེར་ཁ་རྣམས་བཀྲ་ལམ་མེར་གསལ་བ་བྱུང༌། ཁམས་སྤྲུལ་དྲུག་པ། བྱམས་མེ་དྷརྨ་ཤྲཱི། གྲུབ་ཆེན་ངག་དབང་རྣམ་རོལ་སོགས་བསྟེན་ནས། དབང་ལུང་ཁྲིད་བཅས་གསན་བསམ་གནང༌། གསར་རྙིང་ཡི་དམ་གྱི་བསྙེན་སྒྲུབ་མང་པོ་དང༌། ཁྱད་པར་རཏྣའི་ཕུར་བསྙེན་དུང་ཕྱུར་ཙམ་ལྗགས་བསྙེན་གནང༌། རྡོ་རྗེ་གཞོན་ནུའི་ཞལ་གཟིགས་ཏེ། དགོངས་གཏེར། ས་གཏེར། རྫས་གཏེར། དག་སྣང་སོགས་རིམ་པར་བྱུང༌། ས་གཏེར་འགའ་ཞིག་གཏེར་གྲོགས་སོགས་ཀྱིས་རྟེན་འབྲེལ་གཞན་དབང་དུ་གྱུར་པས་བཞེས་རྒྱུ་མ་བྱུང༌། གུ་རུ་ཡབ་ཡུམ། གེ་སར། འབྲུག་སྨྱོན་ཀུན་ལེགས་སོགས་རྩ་གསུམ་ཞལ་གཟིགས་མང་དུ་མཆིས། མ་འོངས་ལུང་བསྟན་རྣམས་ཐོག་ཏུ་ཁེལ་བ་སོགས། ངོ་མཚར་བརྗོད་ལས་འདས། ནག་ཕྱོགས་ཀྱི་དབང་ལས་རྟེན་འབྲེལ་ཐ་མ་ལས་མ་བྱུང་བས། གཏེར་སྐལ་ཆ་ཤས་ཙམ་དང༌། དགུང་གྲངས་ཞེ་གཉིས་པ་མེ་སྟག་ ༡༩༢༦ ལོར་དམ་སེལ་གྱིས་སྙུན་ཚབས་བྱུང་བས། སྐུ་རིམ་དང་བརྟན་བཞུགས་མང་དུ་ཕུལ་ནའང་བསྟན་འགྲོ་སྤྱི་བྱེའི་བསོད་ནམས་དམན་པས་དྲག་སྐྱེད་མ་བྱུང་བར། རྟེན་འབྲེལ་གཞན་དབང་དུ་གྱུར་པས་བཟློག་ཐབས་མེད། ང་ལས་ལྷག་པའི་ཕྲིན་ལས་ཅན་གྱི་སྤྲུལ་སྐུ་ཞིག་འབྱུང་ངེས་ཡིན་པས། སེམས་སྡུག་བྱེད་དགོས་དོན་མེད་སོགས་ཞལ་ཏ་གནང་ཞིང༌། བོད་ཟླ་བརྒྱད་པའི་ཚེས་བདུན་ལ་ངོ་མཚར་གྱི་ལྟས་བཅས་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། །རྗེ་འདིའི་ཟབ་གཏེར་སྐོར་ནི། ཕུར་པའི་སྒྲུབ་ཐབས། གུ་རུའི་ཐུགས་སྒྲུབ་བདེ་ཆེན་ཟིལ་གནོན། རིག་བྱེད་མ། སྒྲོལ་མ་དམར་མོ། ཚོགས་བདག་དམར་ཆེན་བཅས་ཀྱི་སྒྲུབ་ཐབས་ལས་ཚོགས། གེ་སར་སྒྲུབ་སྐོར། གསང་དབང་གསེར་གྱི་ཡང་ཞུན་གྱི་གདམས་པ་སོགས་བཞུགས། བརྒྱུད་འཛིན་ཞལ་སློབ་ནི། གྲུབ་དབང་ཚོགས་གཉིས་མཆོག་སྤྲུལ། ནང་ཆེན་རྒྱལ་སྲས་བཀྲ་ཤིས་ཚེ་དབང་སྟོབས་རྒྱལ་དང་དེའི་སྐུ་མཆེད་ཚངས་དབྱངས་མཆོག་སྤྲུལ། བྱམས་མེ་ཆོས་སེང་སྤྲུལ་སྐུ། འཁྲུལ་ཞིག་ས་སྤྲུལ་དྲུག་པ། རྟོགས་ལྡན་ཀུན་བཟང་སྨིན་གྲོལ། སྟོབས་ལྡན་དབང་པོ། སྤས་ངག་དབང་བཀྲ་ཤིས། བསྟན་འཛིན་འགྱུར་མེད། དགེ་ལེགས་རིན་ཆེན། བསྟན་རབ་དང༌། རྗེ་ཉིད་ཀྱི་ཆོས་བདག་ཏུ་ལུང་གིས་ཟིན་པ། གནས་ལྔ་རིག་པ་རྣམ་རྒྱལ་བཟང་པོ་སོགས་སྐྱེས་ཆེན་དམ་པ་མང་དུ་བྱུང་ངོ༌། །

{{#arraymap:འཁྲུལ་ཞིག་ཁྲི་འཛིན་དང་པོ་ཨ་ལྡེའུ་སྐུ་ཕྲེང་བདུན་པ་ཆོས་ཀྱི་རྒྱ་མཚོ་

|; |@@@ | | }}