63109

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཁྲུལ་ཞིག་ཁྲིད་དཔོན་པདྨ་ཆོས་ཀྱི་རྒྱལ་པོ་ (1)
Part of speech མིང་ཚིག
Definition འཁྲུལ་ཞིག་ཁྲིད་དཔོན་རིན་པོ་ཆེ་པདྨ་ཆོས་ཀྱི་རྒྱལ་པོ་མཆོག་ནི། སྟོད་ལ་དྭགས་སུ། ཡབ་བན་སྔགས་འཕྲིན་ལས་བསྟན་འཕེལ་དང༌། ཡུམ་མ་ཇོ་བསོད་ནམས་སྐྱབས་འཕེལ་གྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ས་སྟག་ ༡༨༧༨ ལོར་འཁྲུངས། ལ་དྭགས་ཐེག་མཆོག་དགོན་བདེ་ཆེན་གླིང་དུ་སྒྲིགས་ཞུགས་མཛད། དགོན་དེའི་སྤྱི་མཚུངས་ལྟར་སྔོན་འགྲོ་ཆ་ཚང་ཞིག་བསགས་སྦྱང་གནང༌། མི་ལའི་རྣམ་མགུར་གཟིགས་པས་ཆོས་བསྒྲུབ་འདུན་སྐྱེས། ཉེར་གཉིས་ལ་དགོན་པའི་ལས་ཚན་རེས་མོས་བབ་ཀྱང་། གངས་རིར་འགྲོ་སྐད་གསུངས་ནས། བོད་དུ་ཕེབས། གསང་སྔགས་ཆོས་གླིང་དུ་བྱོན་ནས། ལོ་གཉིས་ཙམ་རིང་སྐུ་མཚམས་གནང་། དེ་ནས་བྱར་ནགས་དགོན་དུ། ལ་དྭགས་དགེ་སློང་བདེ་ཆེན་ལྷུན་གྲུབ་ཀྱི་ཞབས་ལ་གཏུགས་ཏེ། བྱང་སྡོམ་དང༌། ཕྱག་ཆེན་སྔོན་དངོས་ཀྱི་ཁྲིད་ཞུས། དེར་ལོ་བཞི་ཙམ་བཞུགས། འབྲུག་ཆེན་བཅུ་བའི་མདུན་ནས། དཀྱིལ་ཆོག་རྡོར་ཕྲེང་སོགས་ཤཱཀྱ་ཤྲཱི་ནས་བརྒྱུད་པའི་གདམས་ཟབ་མང་པོ་གསན། ཤཱཀྱ་ཤྲཱིས་བྱར་སྐྱིད་ཕུག་ཏུ། ཕྱག་ཆེན་དང་ཆོས་དྲུག་གི་ཁྲིད་གཉེར་གནང་བས། ཁྲིད་དཔོན་རིན་པོ་ཆེ་ཞེས་གྲགས། ཤཱཀྱ་ཤྲི་སྐུ་མ་གཤེགས་བར་དེར་བཞུགས་ཤིང༌། གཤེགས་རྗེས་སུའང་གདུང་སྲས་རྣམས་ལ་ཆོས་དྲུག་གི་ཁྲིད་འཕྲོ་བསྐྱངས། ཅོག་གྲྭ་བདུན་པའི་མདུན་ནས་བཀའ་ཁྲིད་མང་དུ་གསན། ཤྲཱི་རྒོད་ཚང་ཕུག། འབྲི་ནང་ཀ་རུ་བྲག། རོང་ཤར་ཟབ་བུ་ལུང་། ལ་ཕྱི་གངས་ར། གཉའ་ནང་བདེ་ཆེན་སྟེང་། བྱར་ནགས་དགོན། ཤྲཱི་ནེའུ་སྟེང་གི་རི་ཁྲོད། བདེ་ཆོས་སྒྲུབ་སྡེ། སྡིངས་ཆེ་སྒྲུབ་སྡེ་སོགས་སུ་ལོ་མང་རིང་སྐུ་མཚམས་དང་། བླ་སྤྲུལ་དུ་མ་ལ་ཕྱག་ཆོས་ཀྱི་ཟབ་ཁྲིད་བསྩལ། སྐུ་ཚེའི་སྨད་དུ་ཤྲཱི་ནེའུ་སྟེང་སོགས་སུ་བཞུགས་ནས། ཞལ་སློབ་རྣམས་ལ་གདམས་ངག་མཛད། ནེའུ་སྟེང་སྒྲུབ་སྡེ་དང༌། ཤྲཱིའི་ནུབ་ངོགས་སུ་བཙུན་དགོན་གཡུ་ལོ་བཀོད་སོགས། སྒྲུབ་དགོན་མང་པོ་གསར་དུ་ཕྱག་བཏབ། རྩིབས་རི་སྤར་མས་མཚོན་རྟེན་གསུམ་མང་པོ་གསར་དུ་བཞེངས། འཁོར་གྱི་འདུ་ལོང་རྒྱ་ཆེར་མེད་ཀྱང༌། ཉམས་རྟོགས་ཅན་གྱི་སློབ་མ་ཤ་སྟག་བྱུང་ངོ་། །དགུང་ལོ་གྱ་གཅིག་པ་ས་ཁྱི ༡༩༥༨ ལོའི་དགུན་ཟླ་འབྲིང་པོའི་ཚེས་ཉེར་གསུམ་ཉིན་གཟུགས་སྐུ་བསྡུས་སོ། །ཞལ་སློབ་ནི། འབྲུག་པ་བཅུ་གཅིག་པ། གདུང་སྲས་ངག་དབང་འགྱུར་མེད། གྲུབ་སྲས་ཡེ་ཤེས་རང་གྲོལ། ཤྲཱི་ནེའུ་སྟེང་སྤྲུལ་སྐུ་སྒྲུབ་བརྒྱུད་ཏིང་འཛིན་དབང་ཐོབ། སེང་བྲག་སྐུ་ཕྲེང་བཞི་པ། འཇམ་དབྱངས་གྲགས་པ། བྲག་དཀར་བ་བཀའ་བརྒྱུད་བསྟན་འཛིན་ནོར་བུ། སློབ་དཔོན་བྱམས་པ་རིན་པོ་ཆེ། སློབ་དཔོན་གངས་རི་པ་ཀུན་བཟང་རྡོ་རྗེ། ནུབ་རི་པ་ཚེ་དབང་རིག་འཛིན། རྒན་མཁྱེན་བརྩེའི་རྒྱ་མཚོ། སེང་བྲག་སྐུ་ཕྲེང་ལྔ་པ། ལ་དྭགས་སྟག་སྣ་སྐྱེ་ཕྲེང་བཞི་པ། གཙང་བསམ་ཆོས་སྤྲུལ་སྐུ། ཤར་ཕྱོགས་དགའ་ལྡན་སྤྲུལ་སྐུ། གྲོ་མོ་བཀའ་བརྒྱུད་སྤྲུལ་སྐུ། གཙང་ཁམས་གྲགས་སྤྲུལ་སྐུ། ཡར་འབྲོག་ཨ་རྫོང་སྤྲུལ་སྐུ། སྐྱིད་གྲོང་གྲྭ་སྐུ་ཞབས། འབྲས་སྤུངས་སྒོ་མང་དགེ་བཤེས་བློ་བཟང་ཡར་འཕེལ། ནང་ཆེན་བྱ་བྲལ་བསྟན་འཛིན་དོན་གྲུབ། བདེ་ཆོས་སློབ་དཔོན་ཤཱཀྱ། དགེ་སློང་ངེས་དོན་ཕུན་ཚོགས། དགེ་སློང་ཀརྨ་ལེགས་བཤད། དགེ་སློང་ཚུལ་ཁྲིམས། འབྲུག་དགེ་བཤེས་དབང་འདུས་བསྟན་འཛིན། ཀུན་སྤངས་འཆི་མེད་རྒྱ་མཚོ། སྐུ་ཞབས་རིན་ཆེན་སོགས་ཤིན་ཏུ་མང་པོ་བྱུང་ངོ༌། །

{{#arraymap:འཁྲུལ་ཞིག་ཁྲིད་དཔོན་པདྨ་ཆོས་ཀྱི་རྒྱལ་པོ་

|; |@@@ | | }}