6321

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཅོད་པའི་འཁོར་ལོ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། འཁོར་ལོ་རྣམ་བཞིའི་ཡ་གྱལ་གཅོད་པའི་འཁོར་ལོ་ནི། བཀའ་བརྒྱད་རྣམ་བཤད་ལས། བཞི་པ་གཅོད་པའི་འཁོར་ལོ་ནི་ཡམཱནྟཀའི་སྐུའི་ཕྱག་ན་མཚོན་ཆའི་ཚུལ་དུ་བསྣམས་པ་སྟེ། དེའི་ངོ་བོ་ནི་ཕྲིན་ལས་ཡིན་ལ། དཔེ་མཚོན་ཆ་རྣོན་པོ་ལྟ་བུའོ། །ཇི་ལྟར་ན། མཚོན་ཆ་རྣོན་པོས་གང་ལ་བཏབ་པ་ཐོགས་མེད་དུ་གཅོད་པ་ལྟར། ཡམཱནྟཀའི་ཕྱག་མཚན་གྱི་འཁོར་ལོ་ལས་ཕྲིན་ལས་རྣམ་པ་བཞིས་རང་རང་གི་འགལ་ཟླ་གཅོད་པར་བྱེད་དེ། ཞི་བའི་དུས་སུ་མེ་ཆུ་དུག་མཚོན་དམག་མུ་གེ་དགྲ་དུས་མིན་འཆི་བ་སྟེ། འཇིགས་པ་བརྒྱད་པོ་གཅོད་ཅིང་ཞི་བར་བྱེད། རྒྱས་པའི་དུས་སུ་ཚེ་རིང་དབང་ཆེ་བཀྲ་ཤིས་གཟི་མདངས་ཆེ་བ་འཁོར་མང་ལོངས་སྤྱོད་ཆེ་བའི་བར་དུ་གཅོད་པ་གཅོད་ཅིང་དེ་དྲུག་པོ་རྒྱས་པས་འབྱོར་པ་དྲུག་ལྡན་དུ་བྱེད། དབང་གི་དུས་སུ་གདུལ་བྱ་དེ་དག་གིས་བདག་ལ་ཕ་མ་ལྟ་བུར་མོས་པ། རྗེ་བོར་མོས་པ། གཙོ་བོར་མོས་པ། སློབ་དཔོན་ལྟ་བུའི་ཚུལ་དུ་མོས་པར་བྱས་ནས་མི་གུས་པ་གཅོད་ཅིང་དབང་དུ་བྱེད། དྲག་པོའི་དུས་སུ་བསྟན་པ་ལ་གནོན་པའི་དགྲ་དང་བགེགས་ཐམས་ཅད་ཚར་གཅོད་པར་བྱེད་པས་གཅོད་པ་ཞེས་བྱ་ཞིང་། ཕྲིན་ལས་སྣ་ཚོགས་སུ་འཕྲུལ་ཅིང་འཁོར་བས་འཁོར་ལོ་ཞེས་བྱའོ། །ཞེས་དང་། དེ་ཡང་གཅོད་པའི་འཁོར་ལོ་ནི་ཡམཱནྟཀའི་ཕྱག་མཚན་གྱི་ཕྲིན་ལས་སུ་བཤད་ལ། རྣལ་འབྱོར་པ་རྣམས་ཀྱིས་ཉམས་སུ་ལེན་པའི་ཚེ་ན་འཁྲུལ་འཁོར་ལ་བརྟེན་ནས་ལས་སྒྲུབ་པ་དེ་ལ་གཅོད་པའི་འཁོར་ལོར་བཤད་པའི་ཕྱིར། དེ་ལྟ་བུའི་གཅོད་པའི་འཁོར་ལོ་ལ་གཉིས་ཏེ། ཐོག་འདྲ་དང་ལྕགས་འདྲ་གཉིས། དང་པོ་ཐོག་གིས་བྲག་ལ་སོགས་པ་གང་ཡང་ཐོགས་མེད་དུ་འཇོམས་པ་ལྟར། སྔགས་གཅིག་གིས་ལས་ཐམས་ཅད་ཐོགས་རྡུགས་མེད་པར་མྱུར་དུ་བྱེད་པ་གནམ་ཐོག་ཆེན་མོ་ཞེས་གྲགས་སོ། །གཉིས་པ་ལྕགས་ཀྱི་མཚོན་སྣ་ཚོགས་རྡེག་པ་ལྟར། སྔགས་མང་པོ་ལས་གཅིག་མ་གྲུབ་བར་དུ་ཡང་ཡང་བརྡེག་པ་སྟེ། རྡོ་སྒྱོགས་ཆེན་པོ་དང་འདྲའོ། །ཞེས་གསུངས།
Domain ཆོས་ལུགས།