63403

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འགོག་པའི་བདེན་པ་ (1)
Part of speech མིང་ཚིག
Definition མདོ། སྡུག་ཀུན་སྤངས་པའི་བྲལ་བ་འགོག་པ་སོགས་འབྲས་བུའི་ཕན་ཡོན་གྱི་སྒོ་ནས་མངོན་དུ་བྱ་བའོ། །དེ་ལ་ཉོན་མོངས་མ་ལུས་པ་སྤངས་པས་འགོག་པ། སྡུག་བསྔལ་མ་ལུས་པ་སྤངས་པས་ཞི་བ། དེ་ལས་ལྷག་པའི་འདོད་བྱ་གཞན་མེད་པས་ན་གྱ་ནོམ། དེར་སོན་པ་སླར་མི་ལྡོག་ཅིང་རྟག་པ་དང་དགེ་བ་ཡིན་པས་ན་ངེས་འབྱིན། འདིར་ངེས་པར་འབྱིན་པས་ན་ངེས་འབྱིན་ཞེས་ལས་ལ་སྦྱར་བ་འགོག་པའི་རྣམ་པ་ཡིན་ལ། འདིས་ངེས་པར་འབྱིན་པས་ངེས་འབྱིན་ཞེས་བྱེད་པ་ལ་སྦྱར་བ་ལམ་གྱི་རྣམ་པ་ཡིན་ནོ། །ཞེས་རེད་མདའ་བའི་རྣམ་བཤད་ཉི་མའི་འོད་ཟེར་ལས། མཚན་གཞི་ནི། དགག་གཞི་དེ་བཞིན་ཉིད་ལ་ཟག་མེད་ཀྱི་ཤེས་རབ་ཀྱིས་སྤང་བྱ་ཉོན་མོངས་བཀག་པའི་འགོག་པའོ། །མཚན་ཉིད་ནི། དེ་ལ་ཉོན་མོངས་སྤངས་པས་འགོག་པ། སྡུག་བསྔལ་སྤངས་པས་ཞི་བ། དེ་བས་ལྷག་པའི་འདོད་བྱ་མེད་པས་གྱ་ནོམ་པ། སླར་མི་ལྡོག་པས་ངེས་པར་འབྱུང་བའོ། །ཅིའི་ཕྱིར་འགོག་པ་སོགས་བཞི་མཚན་ཉིད་དུ་བསྟན་ཅེ་ན། མངོན་དུ་བྱ་བར་བསྟན་པའི་ཆེད་དུ་སྟེ། འགོག་པ་སོགས་ཀྱི་ཕན་ཡོན་མཐོང་བ་ན། མངོན་དུ་བྱེད་པ་ལ་འཇུག་པའི་ཕྱིར། ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། ། ཀུན་མཁྱེན་གོ་རམས་པས། བདག་མེད་རྟོགས་པའིི་ཤེས་རབ་ཀྱིས་རང་གི་ངོས་སྐལ་གྱི་སྤང་བྱ་སྤངས་པའི་སྟོབས་ཀྱིས་ཐོབ་པའི་སོ་སོར་བཏགས་འགོག་གོ ། སོ་སོར་རྟོག་པའི་ཤེས་རབ་ཀྱིས་སྤང་བྱ་སྤངས་པའི་སྟོབས་ཀྱིས་ཐོབ་པའི་སོ་སོར་བརྟགས་འགོག་དེ་འགོག་བདེན་གྱི་མཚན་གཞི་ཡིན་ཏེ། མཛོད་ལས། སོ་སོར་བརྟགས་པའི་འགོག་པ་གང། བྲལ་བའོ་སོ་སོ་ཡིན། ཞེས་གསུངས་པའི་ཕྱིར། ཞེས་ཡུམ་དོན་རབ་གསལ་ལས་གསུངས་སོ། ། འགོག་པ་འཕགས་པའི་བདེན་པའི་མཚན་ཉིད། རང་ཐོབ་བྱེད་ཀྱི་ལམ་བདེན་གྱི་སྟོབས་ཀྱིས་ཐོབ་པའི་བྲལ་འབྲས་གང་ཞིག། འགོག་སོགས་མཚན་ཉིད་བཞིའི་སྒོ་ནས་མངོན་དུ་བྱ་བའོ། །སྒྲ་བཤད་ནི། འཕགས་པས་སྡུག་ཀུན་འགགས་པའི་འགོག་པར་གཟིགས་པ་ལྟར་དེར་གནས་པས་དེ་ཞེས་བྱའོ། །འདི་ཡང་དོན་དམ་པའི་འགོག་པ་ལ་གཙོ་བོར་བྱ་དགོས་པ་ཡིན་ཏེ། བརྡའི་འགོག་པ་ཙམ་ནི་བྱིས་པས་ཀྱང་དེར་མཐོང་བའི་ཕྱིར་རོ། །མཚན་གཞི་ནི། དགག་གཞི་དེ་བཞིན་ཉིད་ཀྱི་སྟེང་དུ་དགག་བྱ་ཆགས་སོགས་ཉོན་མོངས་པ་བཀག་པའི་མེད་དགག་གི་ཆའམ། ཡང་ན་དེའི་སྟེང་དུ་དེ་བཀག་པས་ཁྱད་པར་དུ་བྱས་པའི་མྱོང་བ་གསལ་རིག་གི་ཆ་གང་ཡིན་པའོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་རིགས་རོལ་མཚོ་ལས་སོ། །
Domain ཆོས་ལུགས།

{{#arraymap:འགོག་པའི་བདེན་པ་

|; |@@@ | | }}

འགོག་པའི་བདེན་པ་ (2)
Part of speech མིང་ཚིག
Definition གཞན་སྟོང་དབུ་མ། གཞི་གདོད་མའི་ཆོས་དབྱིངས་ཀྱི་ཡེ་ཤེས་ནི་འགོག་པའི་བདེན་པར་འཇོག་གོ ། དེ་བཞིན་དུ་སངས་རྒྱས་རང་སྣང་གི་ཆོས་སྐུའི་ཞིང་ཁམས་དང། ཆོས་ཀྱི་སྐུའི་རྣམ་པ་ཐམས་ཅད་པ་དང། ཆོས་སྐུའི་མཛད་པ་སྣ་ཚོགས་པ་དང། ཆོས་སྐུའི་རང་བཞིན་གྱི་འཁོར་གྱི་བཀོད་པ་དང། སྟོབས་སོགས་ཡོན་ཏན་གྱི་ཚོགས་རྣམས་དང། སངས་རྒྱས་རང་སྣང་ཁོ་ན་ལ་གནས་པའི་འཕྲིན་ལས་དང། ཆོས་སྐུའི་རང་བཞིན་གྱི་འདོད་ཡོན་སྣ་ཚོགས་པ་དང། ཆོས་སྐུའི་རང་བཞིན་གྱི་མཆོད་པའི་བཀོད་པ་སྣ་ཚོགས་པ་ལ་སོགས་པ་ཆོས་སྐུ་རྣམ་པ་ཐམས་ཅད་པར་ཤར་བའི་ཡེ་ཤེས་དེ་ལ་གཞི་གདོད་མའི་འགོག་བདེན་ཞེས་འཇོག་གོ །

{{#arraymap:འགོག་པའི་བདེན་པ་

|; |@@@ | | }}

འགོག་པའི་བདེན་པ་ (3)
Part of speech མིང་ཚིག
Definition རྣམ་བྱང་ཕྱོགས་ཀྱི་བདེན་པ་གང་ཞིག འགོག་པ་ཞི་བ་གྱ་ནོམ་ངེས་འབྱུང་བཞིའི་ཁྱད་ཆོས་དང་ལྡན་པའི་འཕགས་རྒྱུད་ཀྱི་བྲལ་བ་ཞིག་ལ་ཟེར། དེ་ལྟར་ཡང་མཁས་མཆོག་བྱམས་པ་བཀྲ་ཤིས་ཀྱིས་མཛད་པའི་དགའ་བྱང་ཕར་ཕྱིན་མཐའ་དཔྱོད་ལས། ཀུན་ནས་རྣམ་བྱང་ཕྱོགས་ཀྱི་བདེན་པ་གང་ཞིག འགོག་པ་ཞི་བ་གྱ་ནོམ་ངེས་འབྱུང་བཞིའི་ཁྱད་ཆོས་དང་ལྡན་པས་རབ་ཏུ་ཕྱེ་བ་དེ། འགོག་བདེན་གྱི་མཚན་ཉིད་ཅེས་གསུངས།

{{#arraymap:འགོག་པའི་བདེན་པ་

|; |@@@ | | }}

འགོག་པའི་བདེན་པ་ (4)
Part of speech མིང་ཚིག
Definition འདས་ལམ་གྱི་སྟོབས་ཀྱིས་ཐོབ་བའི་བྲལ་བ་གང་ཞིག། འགོག་པ། ཞི་བ། གྱ་ནོམ། ངེས་འབྱུང་དང་བཅས་པའི་ཁྱད་ཆོས་བཞི་ལྡན་དུ་དམིགས་པ་དེའོ། མཐར་ཐུག་པའི་བྲལ་བ་ཆོས་ཅན། འགོག་པའི་རྣམ་པ་ཡིན་ཏེ་ཉོན་མོངས་སྤངས་པའི་བྲལ་བ་ཡིན་པའི་ཕྱིར། ཞི་བའི་རྣམ་པ་ཡིན་ཏེ། སྡུག་བསྔལ་སྤངས་པའི་བྲལ་བ་ཡིན་པའི་ཕྱིར། གྱ་ནོམ་པའི་རྣམ་པ་ཡིན་ཏེ། གཙང་བདེའི་རང་བཞིན་དུ་གྱུར་པའི་བྲལ་བ་ཡིན་པའི་ཕྱིར། ངེས་པར་འབྱུང་བའི་རྣམ་པ་ཡིན་ཏེ། རྟག་པ་དང་ཕན་པའི་གཞིར་གྱུར་བའི་བྲལ་བ་ཡིན་པའི་ཕྱིར།

{{#arraymap:འགོག་པའི་བདེན་པ་

|; |@@@ | | }}