63415
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། མངོན་པ། རང་གང་ལ་ལྡན་པའི་གང་ཟག་གི་རྒྱུད་ལ་སེམས་སེམས་བྱུང་མ་ལུས་པ་བཀག་པའི་ལྡན་མིན་འདུ་བྱེད་ཀྱིས་བསྡུས་པའི་འཕགས་རྒྱུད་གྱི་སྙོམས་འཇུག་དེ་འགོག་སྙོམས་ཀྱི་མཚན་ཉིད། ཁྱད་ཆོས་ནི་ཚོར་བ་དང། འདུ་ཤེས་ཀྱིས་སྐྱོ་ནས་དེ་དག་ཞི་བར་གནས་པའི་དོན་དུ་འཇུག་གི ངེས་འབྱུང་གི་ཡིད་བྱེད་ཀྱིས་མི་འཇུག། ས་གང་དུ་གཏོགས་ན་སྲིད་རྩེའི་སས་བསྡུས་ཡིན་པས་ཟག་བཅས་ཀྱི་སྙོམས་འཇུག་ཡིན། ངོ་བོ་ནི་དགེ་བ་ཁོ་ན་དང། འདི་ལ་དབྱེ་ན་རྣམ་སྨིན་སྐྱེས་ནས་མྱོང་འགྱུར་དང། ལན་གྲངས་གཞན་ལ་མྱོང་འགྱུར་དང། རྣམ་སྨིན་མྱོང་བར་མ་ངེས་པ་དང་གསུམ་དུ་ཡོད་པའི་དང་པོ་གཉིས་ཀྱིས་སྲིད་རྩེའི་རྣམ་སྨིན་གྱི་རྒྱུ་བྱེད་ལ། གསུམ་པས་ནི་རྣམ་སྨིན་གྱི་རྒྱུ་མི་བྱེད་དོ། །རྟེན་གྱི་གང་ཟག་ནི་འཕགས་པའི་རྒྱུད་ལ་ལྡན་པ་ཡིན་ཏེ། འཕགས་པའི་གང་ཟག་གིས་བསྐྱེད་པའི་ཕྱིར། སྦྱོར་བ་སྤྱིར་བཏང་ལ་འབད་པས་ཐོབ་ཅིང། དམིགས་བསལ་ལ་ཤཱཀྱ་ཐུབ་པའི་འགོག་སྙོམས་ནི་འབད་པའི་སྦྱོར་བ་ལ་མ་ལྟོས་པར་ཟད་མི་སྐྱེ་ཤེས་ཀྱི་བྱང་ཆུབ་པ་རྙེད་པའི་སྟོབས་ཀྱིས་ཐོབ་པ་ཡིན་ནོ། །བྱང་ཆུབ་ཀྱི་སྔ་རོལ་དུ་སྒོམ་ལམ་གྱི་སྐབས་སུ་ཐོབ་པ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའི་བདེན་པ་མངོན་པར་རྟོགས་པ་བཅུ་དྲུག་དང། སྲིད་རྩེའི་ཉོན་མོངས་ཀྱི་གཉེན་པོ་སྒོམ་ལམ་བར་ཆད་མེད་ལམ་དགུ་དང། རྣམ་གྲོལ་ལམ་དགུ་སྟེ་སྐད་ཅིག་མ་སུམ་ཅུ་རྩ་བཞི་བར་མ་ཆད་དུ་འབྱུང་བས་བྱང་ཆུབ་ཐོབ་པ་ཡིན་པས། དེ་དག་གི་བར་དེར་འགོག་སྙོམས་མངོན་དུ་མི་བྱེད་པའི་ཕྱིར། འདུ་ཤེས་མེད་པའི་སྙོམས་འཇུག་དང་འགོག་པའི་སྙོམས་འཇུག་དེ་གཉིས་ཀ་འདོད་པ་དང། གཟུགས་ཀྱི་རྟེན་ཅན་ཡིན་གྱི། གཟུགས་མེད་ཀྱི་རྟེན་ཅན་མིན་ནོ། །འགོག་པ་དང་པོར་བསྐྱེད་པ་ནི་མིའི་ནང་དུ་བསྐྱེད་དེ། མི་ནི་བློ་གསལ་བས་དེའི་རྟེན་ལ་དང་པོར་བསྐྱེད་པ་ཡིན། ཕྱིས་ནི་གཟུགས་ཁམས་སུ་ཡང་བསྐྱེད་དོ། །འདུ་ཤེས་མེད་པའི་སྙོམས་འཇུག་ནི་སྐྱེ་སླ་བས་འདོད་ཁམས་གཟུགས་ཁམས་གཉིས་ཆར་ན་དང་པོར་བསྐྱེད་པ་ཡོད་དོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། ། ༡ ཀུན་བཏུས་ལུགས་ལ། ཞི་བར་གནས་པའི་འདུས་ཤེས་སྔོན་དུ་བཏང་བ་ཡིད་ལ་བྱེད་པས་ཚོགས་བདུན་འཁོར་བཅས་བཀག་པའི་གནས་སྐབས་ལ་བཏགས་པའི་འདུ་བྱེད་དོ། ། ༢ མཛོད་ཀྱི་ལུགས་ལ། ཞི་བར་གནས་པའི་འདུ་ཤེས་སྔོན་དུ་བཏང་བ་ཡིད་ལ་བྱེད་པས་ཚོགས་བདུན་འཁོར་བཅས་བཀག་པའི་གནས་སྐབས་རྫས་སུ་གྲུབ་པའི་འདུ་བྱེད་དོ་ཞེས་ཀུན་མཁྱེན་གོ་རམས་པའི་ཇི་སྙེད་ཤེས་བྱའི་སྒོ་འབྱེད་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:འགོག་པའི་སྙོམས་འཇུག་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | སྙོམས་འཇུག་གཉིས་ཀྱི་ཡ་གྱལ་ཏེ། འདུ་ཤེས་མེད་པའི་སྙོམས་འཇུག་དེ་བཞིན་དུ་སྙོམས་པར་ཞུགས་ནས་མ་ལངས་ཀྱི་བར་དུ་མཚུངས་ལྡན་འགོག་པར་བྱེད་པ་ཉིད་དོ། །དེས་ན་སྙོམས་འཇུག་འདི་དག་སེམས་སྐྱེ་བ་ལ་གེགས་བྱེད་པའི་ཕྱིར་རྫས་སུ་ཡོད་དོ་ཞེས་བྱེ་བྲག་ཏུ་སྨྲ་བ་འདོད་དོ། །འདུ་ཤེས་མེད་དང་འདིའི་ཁྱད་པར་ནི། ཞི་བར་གནས་པའི་དོན་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས་འདི་ལ་སྙོམས་པར་འཇུག་པ་དང་། འདིའི་ས་ནི། སྲིད་པའི་རྩེ་མོར་སྐྱེས་པ་སྟེ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་བརྟེན་པ་ཡིན་ཏེ། ཕྲ་བ་ཕྲ་བའི་འཇུག་ཐོགས་སུ་ཞེས་འབྱུང་བས་སེམས་ཕྲ་བའི་འཇུག་ཐོགས་སུ་མཚུངས་ལྡན་རྣམས་དགག་སླ་བའི་ཕྱིར་རོ། །འདིའི་ངོ་བོ་ནི། དགེ་བ་ཁོ་ན་ཡིན་ཏེ། ཉོན་མོངས་ཀྱང་མ་ཡིན་ལ། ལུང་དུ་མ་བསྟན་པ་ཡང་མ་ཡིན་ནོ། ། འགོག་པའི་སྙོམས་འཇུག་འདི་ནི། སྐྱེས་ནས་མྱོང་བར་འགྱུར་བ་དང་། ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་སྟེ། དུས་གཉིས་སུ་མྱོང་བར་འགྱུར་བ་དང་། རྣམ་པར་སྨིན་པའི་ཕྱིར་མ་ངེས་པ་ཡང་ཡིན་ཏེ། གལ་ཏེ་འདིར་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་ན་ནམ་ཡང་རྣམ་པར་མ་སྨིན་པ་ཁོ་ནར་འགྱུར་རོ། །དེའི་རྣམ་པར་སྨིན་པ་ནི་སྲིད་པའི་རྩེ་མོར་ཕུང་པོ་བཞི་ཡིན་ནོ། །འདི་དང་ལྡན་པའི་གང་ཟག་ནི། འཕགས་པ་ཡིན་གྱི་སོ་སྐྱེས་མ་ཡིན་ཏེ། མདོ་ལས། ཡང་སྲིད་མེད་པས་གནོད་འགྱུར་ཏེ། །གཡང་ས་དག་གིས་བྱིས་པ་བཞིན། །ཞེས་འབྱུང་བས། སྲིད་རྩེ་ཐོབ་པའི་བྱིས་པ་ནི་སེམས་ཀྱི་རྒྱུད་ལ་བདག་ཏུ་ཞེན་པ་བཀག་ན། བདག་ཆད་དུ་དྭོགས་པས་འཇིགས་པའི་ཕྱིར་དང་། འཕགས་པའི་ལམ་གྱི་སྟོབས་ཀྱིས་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་དང་། མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པར་ནུས་པའི་ཕྱིར་མི་འོང་དང་དགྲ་བཅོམ་དག་ནི་འགོག་པ་འདི་ལ་མོས་པའི་ཕྱིར་དང་། སོ་སའི་སྐྱེ་བོ་ནི་དེ་ལྟ་བུ་ཡང་མ་ཡིན་པའི་ཕྱིར། སྙོམས་འཇུག་འདི་ནི། འདོད་པ་དང་གཟུགས་ཁམས་པའི་རྟེན་ཅན་ཡིན་གྱི་གཟུགས་མེད་པ་ནི་མ་ཡིན་ཏེ། དགག་གཞི་མེད་པའི་ཕྱིར་རོ། ། |
{{#arraymap:འགོག་པའི་སྙོམས་འཇུག་
|; |@@@ | | }}