From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འགོག་བདེན་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཕར་ཕྱིན། ལམ་བསྒོམས་སྟོབས་ཀྱིས་རང་རྒྱུད་ལ་དགག་བྱ་ཟག་བཅས་དང་བྲལ་བའི་བྲལ་ཆ་ཞིག་འགོག་པའི་བདེན་པ་ཞེས་འཇོག མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། འགོག་བདེན་གྱི་ངོ་བོ་ཡོད་དེ། རང་ཐོབ་བྱེད་ཀྱི་ལམ་བདེན་གྱིས་སྤང་བྱ་སྤངས་པའི༌བྲལ་བ་ཞིག་ལ་འཇོག་པའི་ཕྱིར། ངོ་བོའི་སྒོ་ནས་དབྱེ་ན་གསུམ་ཡོད་དེ། ཉན་ཐོས་ཀྱི་འགོག་བདེན། རང་རྒྱལ་གྱི་འགོག་བདེན། ཐེག་ཆེན་གྱི་འགོག་བདེན་རྣམས་སུ་ཡོད་པའི་ཕྱིར། སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན་ཀུན་བཏུས་ལས། མང་དུ་གསུངས་ཏེ། བརྡའི་འགོག་པ། དོན་དམ་པའི་འགོག་པ། ཡོངས་སུ་མ་རྫོགས་པའི་འགོག་པ། ཡོངས་སུ་རྫོགས་པའི་འགོག་པ། རྒྱན་བཅས་ཀྱི་འགོག་པ། རྒྱན་མེད་ཀྱི་འགོག་པ། ལྷག་བཅས་ཀྱི་འགོག་པ། ལྷག་མེད་ཀྱི་འགོག་པ་རྣམས་སུ་ཡོད་པའི་ཕྱིར། སྐབས་བཞི་པར་འགོག་བདེན་གཏན་ལ་འབེབས་པའི་ཚེ་སྟོང་ཉིད་བཅུ་དྲུག་བཤད་པ་ལ་བསམ་ནས། ཁ་ཅིག་འགོག་བདེན་དོན་དམ་བདེན་པར་བཞེད་པ་དང། ཡང་འགོག་བདེན་ལ་བདེན་པ་གཉིས་ཀའི་ཆ་ཡོད་པར་བཞེད་པ་སོགས་ཡོད་ཀྱང་། འགོག་བདེན་ཀུན་རྫོབ་བདེན་པར་བཞེད་པ་རྣམ་བཤད་ཀྱི་དགོངས་པའོ། །ཡང་རྣམ་པའི་སྒོ་ནས་དབྱེ་ན་བཞི་ཡོད་དེ། འགོག་པ། ཞི་བ། གྱ་ནོམ། ངེས་འབྱུང་གི་རྣམ་པ་བཞི་ཡོད་པའི་ཕྱིར་རོ། །ཞེས་གསུངས།
|
| Domain
|
ཆོས་ལུགས།
|
འགོག་བདེན་ (2)
| Part of speech
|
མིང་ཚིག
|
| Definition
|
གཞན་སྟོང་དབུ་མ། འགོག་བདེན་གྱི་གཙོ་བོ་ཡང་ཆོས་དབྱིངས་དེ་བཞིན་ཉིད་ཡིན་པར་ཤེས་པར་བྱའོ། །འགོག་པའི་བདེན་པའི་མཚན་ཉིད་ནི། གཉགས་ཕུ་བས་མཛད་པའི་གཏན་ཚིགས་རིགས་པའི་བསྡུས་དོན་ལས། ལམ་བདེན་གྱི་བྲལ་འབྲས་འདུས་མ་བྱས་དང་། ཞེས་བྱུང་།
|
| Domain
|
ལྟ་གྲུབ།
|