63530

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འགྱུར་མེད་བསྟན་པ་རྣམ་རྒྱལ་ (1)
Part of speech མིང་ཚིག
Definition ཀཿ་ཐོག་དགེ་རྩེ་གསུམ་པ་ཡིན་ལ་ཁོང་ནི་རྒྱ་ཤོད་དགེ་རྩེའི་རུས་ལས་རབ་ཚེས་མེ་ཁྱི་ཕྱི་ལོ་ ༡༨༨༦ལོར་སྐུ་འཁྲུངས། ཀཿཐོག་ཏུ་གསེར་ཁྲིར་མངའ་གསོལ། ཀུན་མཁྱེན་སི་ཏུ་ཆོས་ཀྱི་རྒྱ་མཚོས་རྗེས་སུ་བཟུང་ནས་མདོ་སྔགས་རིག་གནས་དང་བཅས་པ་ལ་ཐོགས་པ་མེད་པའི་ཤེས་རབ་འབར། གཞན་ཡང་རིག་འཛིན་འཇམ་དཔལ་རྡོ་རྗེ་དང༌། མཆོག་སྤྲུལ་ཀུན་བཟང་རྣམ་རྒྱལ། ཉག་བླ་ཡེ་ཤེས་རྡོ་རྗེ། འགྲོ་འདུལ་དཔའ་བོ་རྡོ་རྗེ་ཡབ་སྲས་སོགས་མཁས་གྲུབ་མང་པོ་བླ་མར་བསྟེན་ནས་གསན་བསམ་སྒོམ་པའི་ཡོན་ཏན་ཡོངས་སུ་རྫོགས། ཀཿཐོག་པའི་གདན་འཛིན་ལོ་མང་དུ་མཛད་ནས་བཀའ་གཏེར་མང་པོའི་སྨིན་གྲོལ་འཆད་སྤེལ་དང་ཀཿཐོག་པའི་སྙན་བརྒྱུད་ཁྲིད་ཆེན་བཅུ་གསུམ་ཞེས་གྲགས་པའི་སྙིང་པོ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་པ་གདམས་པ་ནོར་བུའི་མེ་ལོང་དང༌། གཞན་ཡང་སྨན་རྩིས་སྡེབ་སྦྱོར་སོགས་ཀྱི་བསྟན་བཅོས་པུ་ཏི་ཀ་ལྔ་ཙམ་མཛད། སྙན་བརྒྱུད་ཀྱི་གདམས་སྲོལ་འཛིན་པའི་སློབ་ཚོགས་གཙོ་བོ་སི་ཏུ་ཨོ་རྒྱན་ཆོས་ཀྱི་ཉི་མ། རྨོག་རྩ་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ། རྗེ་དབོན་མཆོག་སྤྲུལ་ཚུལ་ཁྲིམས་ཡོན་ཏན་རྒྱ་མཚོ། ཉིན་དགོན་སྤྲུལ་སྐུ་སྐལ་བཟང་སྟོབས་རྒྱལ། མཚོ་ཕུ་རྡོར་ལོའི་སྤྲུལ་སྐུ་པདྨ་འཕྲིན་ལས་རྣམ་རྒྱལ། ཛཿསྤྲུལ་ཕྱོགས་ལས་རྣམ་རྒྱལ། ཨ་འཛོམ་འབྲུག་པ་རིན་པོ་ཆེའི་མཆོག་སྤྲུལ་སོགས་མཁས་བཙུན་ལྡན་པའི་སྐྱེས་ཆེན་མང་དུ་བྱོན། སྐུ་ཚེའི་སྨད་ལ་གྲིབ་རླུང་ལྟ་བུའི་སྙུང་གཞིས་ཐེབས་ནས་ཕྱོགས་མེད་ཀྱི་རི་ཁྲོད་དང་གནས་ཆེན་རྣམས་སུ་ཕེབས་ནས་སྒྲུབ་པ་གཙོ་བོར་མཛད་དེ་མཐར་རབ་རྒྱལ་ཆུ་འབྲུག་ཕྱི་ལོ་ ༡༩༥༢ ལོར་ཞི་བར་གཤེགས་སོ། །

{{#arraymap:འགྱུར་མེད་བསྟན་པ་རྣམ་རྒྱལ་

|; |@@@ | | }}