63629

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འགྲམ་ལི་ཝིན་དགོན་ (1)
Part of speech མིང་ཚིག
Definition འགྲམ་ལི་ཝིན་དགོན་འདི་སྐྱབས་རྗེ་སེང་བྲག་རིན་པོ་ཆེ་སྐུ་ཕྲེང་ལྔ་པས་ཕྱག་བཏབ་པ་ཞིག་ཡིན་ཞིང་། ༡༩༥༩ ལོར་བོད་དུ་རྒྱ་དམར་གྱི་དུས་འགྱུར་བྱུང་སྐབས། བལ་ཡུལ་རྒྱལ་ཁོངས་ཤར་ཁུམ་བུའི་སྟོད་དུ་སྐྱབས་བཅོལ་སྤྱི་མཚུངས་ལྟར་ཕེབས་དགོས་བྱུང་ཞིང་། དེང་གི་ས་གནས་བལ་ཡུལ་འགྲམ་ཏ་ཏོ་པ་ཎིའིའམ་ཚུ་ཚན་གྱི་ཉེ་འགྲམ། ཧ་ཅང་དབེན་པའི་རི་ངོགས་ཤར་སྦ་ཁང་། བལ་བོད་གཉིས་ཀྱི་ས་མཚམས་སུ། ལི་སྒང་དད་སྦྱིན་ངག་དབང་ནོར་བུ་ལགས་ནས་ཕུལ་བའི་གནས་གཞིར་ལི་ཝིང་གྲྭ་ཚང་ཕུན་ཚོགས་ཆོས་ཀྱི་དགའ་ཚལ་དང་། སྦྱིན་བདག་ཚེ་རིང་རྡོ་རྗེ་ལགས་ནས་ཕུལ་བའི་ས་ཆ་རུ། ཡང་དབོན་སྒྲུབ་སྡེ་ངེས་དོན་བདེ་ཆེན་འོད་གསལ་གླིང་ཞེས་སྒྲུབ་བླ་བརྒྱད་ཙམ་བཞུགས་ཆོག་པའང་གསར་དུ་བཏབ་ཅིང་། རི་ཁྲོད་གོང་འོག་བསྡོམས་རྒྱུན་བཞུགས་གྲྭ་བཙུན་སུམ་བརྒྱ་ཡས་མས་ཙམ་ལ་ལྟོ་གོས་ཆོས་གསུམ་གནང་བ་དང་། རྗེ་ཉིད་ཀྱིས་ཀྱང་། ཕྱག་རྒྱ་ཆེན་པོ་སྔོན་འགྲོ་ནས་བཟུང་དངོས་གཞི་གདམས་ངག་བཀའ་རྒྱ་ཅན་གྱི་བར་ཐམས་ཅད་ལ་གལ་ཆུང་དང་སླ་ཆོས་སུ་མ་ཤོར་བར། ཚུལ་བཞིན་ཐུགས་ཉམས་སུ་བཞེས་པས་བདེ་སྟོང་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་དགོངས་པ་མངོན་དུ་གྱུར་ཅིང་། ཆོས་དང་ཐུགས་རྒྱུད་འདྲེས་པའི་དབང་གིས་འཇིག་རྟེན་ཆོས་བརྒྱད་ཀྱི་ཡོ་ལང་ལ་ཐུགས་གཏིང་ནས་བསུན་པའི་ཚུལ་བསྟན་ཏེ། འདོད་ཆུང་དང་ཆོག་ཤེས་ངང་སྐུ་ཚེར་སྒྲུབ་པའི་རྒྱལ་མཚན་བརྟན་པོར་འཛུགས་གནང་མཛད། སྤངས་རྟོགས་ཡོན་ཏན་རྒྱ་མཚོའི་མཁྱེན་རབ་ནང་ནས་རྒྱས་ནའང་། ཕྱི་རུ་སྦས་ཚུལ་ཁོ་ནས་འགྲོ་དོན་བསྐྱངས། འོན་ཀྱང་རྟོགས་པ་ཆེན་པོས་བདག་གྲོལ། ཐུགས་རྗེ་ཆེན་པོས་གཞན་རྒྱུད་ཆོས་ཕྱོགས་སུ་བསྒྱུར་ནུས་པའི་བྱིན་རླབས་དང་ལྡན་པ་སོགས་འབྲེལ་ཚད་དོན་ལྡན་གྱི་གདུལ་བྱ་དུས་ལ་བབ་པའི་དབང་གིས། མ་བསྐུལ་ཤུགས་ཀྱིས་སློབ་ཚོགས་བརྒྱ་ཕྲག་དུ་མ་དབྱར་གྱི་མཚོ་ལྟར་འཕེལ་བས། ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་གང་ལ་གང་འདུལ་གྱི་ཆོས་དང་གདམས་པ་རྒྱ་ཆེར་གནང་ཞིང་རྗེས་སུ་བཟུང་། བོད་རབ་གནས་ཤིང་བྱ་ཕྱི་ལོ་ ༢༠༠༥ ལོའི་བོད་ཟླ་དང་པོའི་དམར་ཕྱོགས་ཉི་ཤུ་ལྔ་ཉིན་གྱི་ཕྱི་ཡོལ་ཆུ་ཚོད་བཞི་པ་ཙམ་ལ་གློ་བུར་དུ་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་པའི་ཚུལ་བསྟན། དེང་སྐབས་ཡང་སྲིད་རིན་པོ་ཆེ༧འཇིགས་མེད་མི་ཕམ་བློ་གྲོས་དཔལ་བཟང་པོའི་སྡེ་མཆོག སྐུའི་གདན་ས་ཆེན་པོ་སྦ་ཁང་དོན་འགྲུབ་སྡིངས་དང་ཧ་ཅང་མི་རིང་བའི་ཆར། སིན་དུ་དཔལ་ལྕོག་རྫོང་ཁོངས། འཆང་ཤིང་གྲོང་སྡེ་ཞེས་པར། ཡབ་མིག་དམར་དང་། ཡུམ་པདྨ་གཉིས་ཀྱི་སྲས་སུ། མེ་ཁྱི་ ༢༠༠༦ བོད་ཟླ་ ༢ ཚེས་ ༢ རེས་གཟའ་པ་སངས་ཉིན་སྐུ་འཁྲུངས། ཡབ་ཡུམ་གྱི་མཚན་པ་སངས་ཚེ་རིང་གསོལ། བལ་བོད་མཚམས་ཀྱི་སྒྲུབ་གནས་ལི་ཝིང་ཕུན་ཚོགས་ཆོས་ཀྱི་དགའ་ཚལ་གྱི་ཡང་དབེན་ན། འཁོར་ལོ་གསུམ་གྱི་ཉམས་བཞེས་དང་མ་བྲལ་བར་བཞུགས་བཞིན་པ་བཅས་ཡིན་འདུག། །

{{#arraymap:འགྲམ་ལི་ཝིན་དགོན་

|; |@@@ | | }}