6364

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཉན་ཆེན་ཐང་ལྷ་ (1)
Part of speech མིང་ཚིག
Definition བོད་ཡུལ་བྱང་ཐང་གི་གནམ་མཚོའི་ལྷོ་ངོས་སམ་འདམ་གཞུང་གི་ནུབ་རྒྱུད་ནས་ཆབ་མདོ་དཔའ་ཤོད་བར་དཀྱུས་སུ་བརྒྱུགས་ནས་ཡོད་པའི་རི་རྒྱུད་ཅིག་གི་མིང་སྟེ། དེའི་མཐོ་ཚད་ནི་རྒྱ་མཚོའི་ངོས་ནས་སྤྱི་ཁྲུ་བདུན་སྟོང་བརྒྱ་དང་བཅུ་གཅིག་ཡོད་པར་བཤད།
གཉན་ཆེན་ཐང་ལྷ་ (2)
Part of speech མིང་ཚིག
Definition ལོ་རྒྱུས་ཀྱི་ཡིག་ཚང་དུ་བཤད་པ་ལྟར་ན་འདི་ཉིད་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་ལྷ་ཡིན་ཞིང་། སློབ་དཔོན་པད་མ་འབྱུང་གནས་བོད་དུ་ཕེབས་ཏེ་བོད་ཀྱི་མི་མ་ཡིན་པ་མང་པོ་དམ་ལ་བཏགས་ནས་ནང་པའི་བསྟན་པ་དང་བོད་མི་རིགས་སྲུང་སྐྱོབ་བྱེད་མཁན་དུ་བསྐོས་པའི་གྲས་ཤིག་ཡིན། སྐུའི་ཕྱག་མཚན་དང་རྣམ་པ་སོགས་ནི། ཇི་སྐད་དུ། དབུས་ཕྱོགས་འདམ་ཤོད་གངས་རིའི་ཕོ་བྲང་དུ། །གཉན་གྱི་རྒྱལ་པོ་ཡར་བཞུད་འབར་བ་རྩལ། །དཔའ་གཏུམ་མི་དཀར་གཡུ་ཡི་སྨིན་མ་ཅན། །རྟ་མཆོག་ངང་དཀར་རླུང་གི་ཤུགས་འཆང་སྟེང༌། །སྦ་ལྕགས་ཤེལ་ཕྲེང་དར་དཀར་ན་བཟའ་ཅན། །རེས་འགའ་སྐུ་མདོག་དམར་ནག་གཟི་བརྗིད་རྔམས། །དར་མདུང་ནོར་བུམ་དྲག་པོའི་འཁོར་གསུམ་ཅན། །ལས་བྱེད་མ་བདུན་བྲན་གཡོག་ལྷ་དམག་དང༌། །ལྕགས་སྡིག་བྱ་ཁྲ་སྤྲུལ་པ་འཁོར་བཅས་བསྟོད། །ཅེས་གསུངས་པ་ལྟར་དང་། དེ་ཡང་གཉན་ཆེན་ཐང་ལྷ་ནི་སྲིད་པའི་ལྷ་རབས་མཆེད་བཞིའི་ནང་ཚན་འོ་དེ་གུང་རྒྱལ་ཡིན་པར་བཤད་པ་ཡང་ཡོད་ལ། གཉན་པོ་གཡུ་རྩེའི་ཚ་བོ་ཡིན། རྨ་རྒྱལ་གྱི་སྒོ་སྲུང་གི་ཡ་གྱལ་དུ་གྲགས་ཤིང་། གཞི་བདག་དེ་ཉིད་གནས་སའི་རི་རྒྱུད་ཀྱིས་བོད་ཁམས་ལྕགས་རིའི་ཚུལ་དུ་བསྐོར་ཅིང་གཉན་དམག་གི་ཚོགས་རྣམས་ཀྱང་གནས་སོ་སོར་བཞུགས་ནས་བྱ་ར་མཛད་བཞིན་ཡོད་པར་གྲགས།