64292

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇམ་དཔལ་རྒྱ་མཚོ་ (1)
Part of speech མིང་ཚིག
Definition ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པ་མཆོག་ནི། བོད་རབ་བྱུང་བཅུ་གསུམ་པའི་ས་ཕོ་སྟག་ལོ་སྟེ་ཕྱི་ལོ་ ༡༧༥༨ ལོར་གཙང་ཐོབ་རྒྱལ་ལྷ་རི་སྒང་དུ་ཡབ་བསོད་ནམས་དར་རྒྱས་དང་། ཡུམ་ཕུན་ཚོགས་དབང་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་གཉིས་པར་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་པཎ་ཆེན་སྐུ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱི་མདུན་ནས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་ལ་བློ་བཟང་བསྟན་པའི་དབང་ཕྱུག་འཇམ་དཔལ་རྒྱ་མཚོ་ཞེས་གསོལ། དགུང་ལོ་བཞི་པར་བཀྲ་ཤིས་ལྷུན་པོ་ནས་དབུས་ལྷ་ལྡན་དུ་ཕེབས། དགུང་ལོ་ལྔ་བར་རྩེ་ཕོ་བྲང་ཆེན་པོ་པོ་ཏ་ལའི་གསེར་ཁྲིར་མངའ་གསོལ། དགུང་ལོ་བརྒྱད་པར་པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་མཁན་སློབ་སྦྲགས་མ་དང་། ཡོངས་འཛིན་ཁྲི་ཆེན་རིན་པོ་ཆེས་དུས་གོ་བ་མཛད་དེ་དགེ་ཚུལ་གྱི་སྡོམ་པ་བཞེས། ཁོང་ལས་དབང་ལུང་རྗེས་གནང་མང་དུ་གསན། དེ་ནས་ཡོངས་འཛིན་ཕུར་ལྕོག་ངག་དབང་བྱམས་པ་དང་། བྱང་རྩེ་ཆོས་རྗེ་བྱ་ཁྱུང་པ་ངག་དབང་ཆོས་གྲགས་གཉིས་ཀྱི་མདུན་ནས་གཞུང་ལུགས་རབ་འབྱམས་ལ་སློབ་གཉེར་གྱིས་དུས་འདའ་བར་མཛད། དགུང་ལོ་ཉི་ཤུ་པར་པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་མཁན་པོ་དང་། ཁྲི་ཟུར་ངག་དབང་ཆོས་གྲགས་ཀྱིས་ལས་སློབ། ཡོངས་འཛིན་བློ་བཟང་ཆོས་འཕེལ་གྱིས་གསང་སྟོན་སློབ་དཔོན་མཛད་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉེར་བཞི་པར་མན་ཇུ་གོང་མས་ནུབ་ཕྱོགས་མཆོག་ཏུ་དགེ་བའི་ཞིང་གི་རྒྱལ་དབང་ས་སྟེང་གི་རྒྱལ་བསྟན་ཡོངས་ཀྱི་བདག་པོ་ཐམས་ཅད་མཁྱེན་པ་བཛྲ་དྷ་ར་ཏཱ་ལའི་བླ་མའི་ཕྱག་རྒྱ་ཞེས་པའི་གསེར་གྱི་ཐམ་ཀ་དང་འཇའ་ས་བསྩལ། དགུང་ལོ་ཉེར་བདུན་པར་བཀྲ་ཤིས་ལྷུན་པོར་ཕེབས་ནས་པཎ་ཆེན་སྐུ་ཕྲེང་བདུན་པར་དགེ་བསྙེན་གྱི་སྡོམ་པ་སྩལ་ཏེ་མཚན་ལ་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་ཞེས་གསོལ། དགུང་ལོ་སོ་གཅིག་པར་ལྷ་སའི་གཙུག་ལག་ཁང་ལྟེ་བའི་བར་སྐོར་ཞལ་ཕྱིར་བསྟན་དང་། ཁྱམས་ར་ཆེན་མོ། སྒོ་མཆོར་མདོ་སྦུག གསུང་ར། དཀྱིལ་འཁོར་སྡིངས། བར་ཁང་རྩེ་མོ་བཅས་ཀྱི་ལྡེབས་བྲིས་རྣམས་རྙིང་སོང་བ་སྔར་བཞིན་གསར་བྲིས་མཛད། དགུང་ལོ་སོ་གསུམ་པར་སྒྲུབ་སྡེ་ཚེ་མཆོག་གླིང་གི་གཙུག་ལག་ཁང་གསར་བཞེངས་མཛད། དགུང་ལོ་སོ་དགུ་པར་དགེ་སློང་མ་དཔལ་མོ་ལུགས་ཀྱི་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་སྐུ་དང་། སྨྱུང་གནས་བླ་རྒྱུད་ཀྱི་སྐུ། གསེར་ཟངས་ལས་གྲུབ་པའི་ཚེ་དཔག་མེད་ཀྱི་སྐུ་བཅས་གསར་བཞེངས་མཛད་ནས་རྒྱལ་བའི་བསྟན་པར་ཞབས་འདེགས་ཞུས། ཁོང་གི་གསུང་རྩོམ་ནི་བླ་མའི་རྣལ་འབྱོར་དང་། སྒྲུབ་ཐབས། ཆོ་ག དཀར་ཆག གསོལ་འདེབས། དྲིས་ལན། བློ་སྦྱོང་། བཅའ་ཡིག་བཅས་ཆོས་ཚན་བཅུ་བཞིར་བཞུགས། རབ་བྱུང་བཅུ་གསུམ་པའི་ཤིང་ཕོ་བྱི་ལོ་སྟེ་ཕྱི་ལོ་ ༡༨༠༤ ལོར་སྐུ་གཤེགས།

{{#arraymap:འཇམ་དཔལ་རྒྱ་མཚོ་

|; |@@@ | | }}