64306

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇམ་དཔལ་རྩ་རྒྱུད་ (1)
Part of speech མིང་ཚིག
Definition ཕྱི་ལོའི་དུས་རབས་དང་པོའི་མཇུག་ཏུ་ལོ་ཙཱ་བ་ཤཱཀྱ་བློ་གྲོས་ཀྱིས་རྒྱ་གར་སྐད་ནས་བོད་ཡིག་ཏུ་བསྒྱུར་བའི་གསང་སྔགས་ཀྱི་གཞུང་ཞིག་གི་མཚན། འདིའི་ནང་དོན་ནི་གཙོ་བོར་འཇམ་དཔལ་དབྱངས་ཀྱི་ཡོན་ཏན་བཤད་ཡོད་པ་དང་། ཞོར་ལ་རྒྱལ་པོ་མི་ཡི་ལྷ་ནས་འོད་ལྡན་པར་རྒྱལ་པོ་བཅུའི་མིང་བསྟན་ནས་མཐར་རྒྱལ་སྲིད་ཉམས་ཏེ་མི་རིགས་གཞན་དག་གིས་སྲིད་དབང་བཟུང་བར་བཤད་ཡོད་ཅིང་། བོད་ཀྱི་ལོ་རྒྱུས་ཀྱི་དཔེ་ཆ་དེབ་ཐེར་སྔོན་པོ་ཞེས་པའི་རྩོམ་པ་པོ་འགོས་ལོ་གཞོན་ནུ་དཔལ་དང་། ཡང་ལོ་རྒྱུས་ཀྱི་དཔེ་ཆ་མཁས་པའི་དགའ་སྟོན་ཞེས་པའི་རྩོམ་པ་པོ་དཔའ་བོ་གཙུག་ལག་ཕྲེང་བ་གཉིས་ཀས་གོང་གསལ་འཇམ་དཔལ་རྩ་རྒྱུད་ཀྱི་ཚོགས་དེ་རྣམས་ལ་འགྲེལ་བཤད་གནང་སྐབས། རྒྱལ་པོ་མི་ཡི་ལྷ་ནས་འོད་ལྡན་བར་གྱི་རྒྱལ་པོ་བཅུ་ནི་སྲོང་བཙན་སྒམ་པོ་ནས་འོད་སྲུང་བར་གྱི་རྒྱལ་རབས་བཅུ་ཡིན་པ་དང་། དེ་ནས་བོད་སིལ་བུར་གྱུར་རྗེས་མཐར་བོད་ཀྱི་སྲིད་དབང་དེ་མི་རིགས་གཞན་དག་གིས་ཚོད་འཛིན་བྱེད་པའི་ལུང་བསྟན་བྱས་པ་ཡིན་ཞེས་གསུངས་འདུག དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་བོད་ཀྱི་ལོ་རྒྱུས་ཤོག་དྲིལ་ནང་། གོང་གསལ་འཇམ་དཔལ་རྩ་རྒྱུད་ཀྱི་དཔེ་ཆ་དེ་རྒྱ་གར་ཡི་གེའི་ཐོག་བཀོད་པ་ཁོ་རང་གིས་དངོས་སུ་གཟིགས་མྱོང་བ་མ་ཟད། བལ་ཡུལ་དུ་ཡོད་པའི་རྡོ་རིང་ཞིག་གི་ལྡེབས་སུ་ཡང་གོང་གསལ་གྱི་ཚིག་དུམ་བུ་དེ་ཆ་ཚང་བཀོད་པ་དང་། རྒྱ་གར་གྱི་ཡི་གེའི་ཐོག་གི་འཇམ་དཔལ་རྩ་རྒྱུད་ཀྱི་ནང་གསལ་བའི་རྒྱལ་པོ་བཅུ་པོ་དེ་ནི་བལ་པོའི་རྒྱལ་པོའི་མིང་ཡིན་པར་བལ་པོའི་ལོ་རྒྱུས་སུ་ཡང་གསལ་བས་དེ་ནི་འགོས་ལོ་དང་དཔའ་བོ་གཙུག་ལག་ཕྲེང་བ་སོགས་ཀྱིས་བལ་པོའི་ལོ་རྒྱུས་ཡིན་པ་མ་མཁྱེན་པར་བོད་ཀྱི་ལོ་རྒྱུས་ལ་སྦྱར་ནས་འགྲེལ་བཤད་གནང་བ་ཞིག་ཡིན་ཞེས་བྲིས་གནང་འདུག་པ་དཔྱད་གཞི་ཆེན་པོ་ཡོད་པ་ཞིག་ཡིན་སྙམ། འཇམ་དཔལ་རྩ་རྒྱུད་ཀྱི་མ་ཡིག་གཟིགས་འདོད་ན་ལེའུ་སུམ་ཅུ་སོ་དྲུག་ཡོད་པ་སྟེ་བཀའ་འགྱུར་ནང་ཡོད།