From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འཇམ་དབྱངས་དོན་ཡོད་རྒྱལ་མཚན་ (1)
| Part of speech
|
མིང་ཚིག
|
| Definition
|
རབ་བྱུང་བཅུ་གསུམ་པའི་ལྕགས་ཕག་ཕྱི་ལོ་ ༡༧༩༡ ལོར་མདོ་སྨད་ཆུ་མའི་ཀླུ་གཤོང་དུ་འཁྲུངས། དགུང་ལོ་ཆུང་དུས་ནས་རོང་བོ་ཐོས་བསམ་གླིང་དུ་ཞུགས། སློབ་གཉེར་ནན་ཏན་དུ་མཛད། མཁན་ཆེན་དོན་ཡོད་རྒྱ་མཚོ་ལས་ཚིགས་སྔ་ཕྱིའི་སྡོམ་པ་བཞེས། བྱང་ཕྱོགས་ཧོར་ཡུལ་ཧལ་ཧའི་ཡུལ་དུ་བསྟན་དོན་མཛད་པས་སློབ་ཚོགས་མཁས་མང་ཐོན། སྐུ་འབུམ་དུ་འབྱོར་བ་མེ་རྒན་ཆོས་རྗེ་ངག་དབང་དགེ་འདུན་དོན་ཡོད་གཤེགས་པ་གསན་པས་ཕྱིར་སྨད་ཕྱོགས་སུ་བྱོན་ཏེ་འཕྲིན་ལས་སྤེལ། ཉིན་མོའི་ཆར་དཔེ་གཟིགས་དང་སྤྲོས་བཅས་སྤྲོས་མེད་ཀྱི་རྣལ་འབྱོར། མཚན་མོ་བརྒྱད་སྟོང་པ་དལ་བུར་གསུངས་པ་ཞིག་ཡིན། བདུན་ཅུའི་སྐབས་སླར་གདན་སར་བྱོན། གྲྭ་ས་སོ་སོར་རྟེན་གསུམ་ཡོ་བྱད་གཏོས་ཆེན་སྦྱོར། སོག་ཕྱོགས་སུ་བསྟན་འགྲོའི་དོན་ཆེན་བསྒྲུབ་ཕྱིར་བྱོན། དོན་བཞི་པ་རབ་བྱུང་བཅུ་བཞི་པའི་ཤིང་གླང་ཕྱི་ལོ་ ༡༨༦༥ ལོར་སྐུ་གཤེགས། ཁྲི་རྒན་མཆོག་སྤྲུལ་གྱི་སྐུ་ཕྲེང་གསུམ་པ་ཡིན།
|
འཇམ་དབྱངས་དོན་ཡོད་རྒྱལ་མཚན་ (2)
| Part of speech
|
མིང་ཚིག
|
| Definition
|
རབ་བྱུང་ལྔ་པའི་ལྕགས་ཁྱི་ཕྱི་ལོ་ ༡༣༡༠ ལོར་ཞྭ་ལུ་ཁང་གསར་དུ་ཡབ་བདག་ཆེན་བཟང་པོ་དཔལ་བ་དང་། ཡུམ་མ་གཅིག་གཞོན་ནུ་འབུམ་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་མཁན་ཆེན་བསོད་ནམས་གྲགས་པ་དང་། བླ་མ་དཔལ་ལྡན་སེང་གེ ། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ། བྲག་ཁ་བ་གྲགས་པ་སེང་གེ། ཆོས་རྗེ་ན་བཟའ་བ་བསོད་ནམས་དཔལ། རྒྱལ་སྲས་ཐོགས་མེད་པ། བླ་མ་སྲོན་པ་ཆོས་དཔལ་བཟང་པོ་བཅས་ལས་ཡབ་མེས་ཀྱི་བཀའ་ཆོས་དང་། མདོ་རྒྱུད་བསྟན་བཅོས་རྣམས་ཀྱི་དབང་ལུང་ཁྲིད་གསུམ་སོགས་གསན། བཅུ་བཞི་པར་ས་སྐྱའི་གདན་སའི་ཁྲིར་བཞུགས། འཆད་ཉན་དང་སྐུ་གསུང་ཐུགས་རྟེན་བཞེངས། ཡོན་རྒྱལ་རབས་ཀྱི་གོང་མ་ཐོ་གྭན་མུས་ཏཱ་དབེན་གུ་ཤྲཱིའི་ཆོ་ལོ་དང་ཤེལ་དམ་བཅས་ཕུལ། གདུང་རྒྱུད་ཕྱིར་དུ་བཙུན་མོ་ཡོན་ཏན་འབུམ་ཁབ་ཏུ་བཞེས། ཉེར་གཉིས་པར་བོ་དོང་བྱ་རྒོད་གཤོངས་ཀྱི་གཙུག་ལག་ཁང་དུ་མཁན་ཆེན་བསོད་ནམས་གྲགས་པ་དང་། མཁས་མཆོག་དཔལ་ལྡན་སེང་གེ། བླ་མ་བཟང་པོ་གསུམ་ལས་བསྙེན་པར་རྫོགས། སོ་ལྔ་པ་རབ་བྱུང་དྲུག་པའི་ཤིང་སྤྲེལ་ཕྱི་ལོ་ ༡༣༤༤ ལོར་ས་སྐྱའི་རིན་ཆེན་སྒང་བླ་བྲང་དུ་སྐུ་གཤེགས། ས་སྐྱའི་རིན་ཆེན་སྒང་བླ་བྲང་གི་གདན་རབས་དང་པོ་དང་། ས་སྐྱའི་གདན་སའི་ཁྲི་རབས་བཅུ་གཉིས་པ་ཡིན།
|