64349

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ (1)
Part of speech མིང་ཚིག
Definition རི་བོ་དགེ་ལུགས་པའི་མཁས་པ་ཆེན་པོ་ཞིག་སྟེ། སྒོ་མང་གྲྭ་ཚང་གི་ཡིག་ཆའི་བདག་པོ་དང་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་ཕྱག་འདེབས་མཛད་མཁན་ཡིན། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ས་ཕོ་བྱི་བའི་ལོ་སྟེ་ཕྱི་ལོ་ ༡༦༤༨ ལོར་མདོ་སྨད་རྒན་གྱའི་ཡུལ་དུ་ཡབ་དཔལ་འབུམ་རྒྱལ་དང་། ཡུམ་ཐར་མོ་བྱམས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བདུན་པར་ཁུ་བོ་དགེ་སློང་བསོད་ནམས་ལྷུན་གྲུབ་ཀྱི་མདུན་ནས་ཡི་གེའི་འབྲི་ཀློག་སྦྱངས། དགུང་ལོ་བཅུ་གསུམ་པར་འདུལ་འཛིན་ཡེ་ཤེས་རྒྱ་མཚོའི་དྲུང་དུ་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་མནོས། དགུང་ལོ་ཉེར་གཅིག་པར་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གི་ཆོས་གྲྭར་ཞུགས་ཤིང་། དགུང་ལོ་ཉེར་དགུའི་བར་དུ་མཁས་རྒུའི་ཞབས་པད་བསྟེན་ནས་བཀའ་པོད་ཆེན་པོ་ལྔས་མཚོན་པའི་གཞུང་ལུགས་རབ་འབྱམས་ལ་གསན་སྦྱོང་ལྷུར་བཞེས་གནང་། དགུང་ལོ་ཉེར་བདུན་པར་རྒྱལ་དབང་ལྔ་པའི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་མནོས། དགུང་ལོ་ཉེར་དགུ་པར་རྒྱུད་སྨད་གྲྭ་ཚང་དུ་ཞུགས་ཏེ་སྔགས་ལ་སྦྱངས་པ་མཐར་ཕྱིན་མཛད། དགུང་ལོ་སོ་གསུམ་པར་གྲུབ་པའི་གནས་མཆོག་རི་བོ་དགེ་འཕེལ་དུ་ཕེབས་ཏེ་ལོ་ངོ་ཉི་ཤུའི་རིང་དུ་ཐོས་དོན་སྒྲུབ་པས་ཉམས་སུ་བཞེས། དགུང་ལོ་ང་གསུམ་པར་སྒོ་མང་གྲྭ་ཚང་གི་མཁན་པོ་མཛད། དགུང་ལོ་རེ་གཉིས་པར་དཔོན་ཇུ་ནང་གིས་དགོན་པ་གསར་འདེབས་ཀྱི་ཆེད་དུ་གདན་དྲངས་པ་ལྟར་མདོ་སྨད་དུ་ཕེབས་ཏེ་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་བ་ཕྱག་འདེབས་མཛད། དགུང་ལོ་དོན་གསུམ་པར་གོང་མ་ཁང་ཤིས་རྒྱལ་པོས་བསྟན་པ་འཛིན་ཅིང་སྐྱོང་བར་བྱེད་པའི་པཎྜི་ཏ་ཨེ་རྟི་ནི་ནོ་མིན་ཧན་ཞེས་པའི་ཆོ་ལོ་དང་གསེར་ཐམ་གསེར་ཡིག་སོགས་སྩལ། སྐུ་ཚེ་གཅིག་རིང་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་པའི་བྱ་བ་མཛད་ཅིང་། གསུང་ལས་སྐྱེས་པའི་སློབ་མའང་རྒྱལ་བ་གཉིས་པའི་གདན་སར་བཞུགས་པའི་ཁྲི་ཆེན་བཞི་སོགས་མང་པོ་བྱོན་ཞིང་། གསུང་རྩོམ་པོོད་བཅོ་ལྔ་ལོངས་པ་ཡོད། རབ་བྱུང་བཅུ་གཉིས་པའི་ཆུ་ཕོ་སྟག་ལོ་སྟེ་ཕྱི་ལོ་ ༡༧༢༢ ལོར་སྐུ་གཤེགས།