64356

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇམ་དབྱངས་བློ་གྲོས་རིན་ཆེན་ (1)
Part of speech མིང་ཚིག
Definition རབ་བྱུང་བཅོ་ལྔ་པའི་ཤིང་ཡོས་ཕྱི་ལོ་ ༡༩༡༥ སྣྲོན་ཟླའི་གྲལ་ཚེས་དགེ་བར་ཡབ་ཚང་གསར་དཔོན་བསྟན་འཛིན་རྣམ་རྒྱལ་དང་ཡུམ་ས་བཟའ་ནོར་གཡང་གཉིས་ཀྱི་སྲས་སུ་སྐུ་བལྟམས། དགུང་གྲངས་གཉིས་ལ་སོན་སྐབས། དཔལ་རྒྱལ་དབང་ཀརྨ་པ་མཁའ་ཁྱབ་རྡོ་རྗེ་ཁམས་ནང་ཆེན་ཕྱོགས་ལ་ཕེབས་སྐབས། འབའ་རོམ་དར་མ་དབང་ཕྱུག་གི་རྣམ་འཕྲུལ་ཡིན་པར་ཞལ་བཞེས་གནང། སི་ཏུ་པདྨ་དབང་མཆོག་རྒྱལ་པོས་ཚང་གསར་དགོན་ཆོས་འཁོར་སྐུ་ཕྲེང་བཞི་པར་ངོས་འཛིན་མཛད། དགུང་གྲངས་བཞི་པའི་ཐོག་གདན་ས་གནམ་དགོན་བཀྲ་ཤིས་ལྷ་རྩེ་ཐུབ་བསྟན་རྣམ་དག་གླིང་དུ་བསྟན་འགྲོའི་སྤྱི་དཔལ་ཆེན་པོར་མངའ་གསོལ། སློབ་དཔོན་ཀརྨ་འཕྲིན་ལས་མདུན་ནས་ཡི་གེ་འབྲི་ཀློག་དང་ཆོག་གའི་ཕྱག་ལེན་རྣམས་དཔྱིས་ཕྱིན་པར་མཛད། མཚན་ལྡན་གྱི་བླ་མ་འཇམ་མགོན་བློ་གྲོས་རབ་འཕེལ། ཁྱུང་སྤྲུལ་པདྨ་ཕྲིན་ལས་རྒྱ་མཚོ། ཚང་གསར་འཆི་མེད་རྡོ་རྗེ་སོགས་དམ་པའི་སྐྱེས་ཆེན་མང་པོའི་ཞབས་ལ་ཉེ་བར་གཏུགས་ནས། རིག་གནས་སྤྱི་དང་ཁྱད་པར་གཞུང་ལུགས་རྒྱ་མཚོ་ལྟ་བུ་གསན་བསམ་མཐར་ཕྱིན་པ་མཛད། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་གཙོས་གསར་རྙིང་རིས་མེད་ཀྱི་བཀའ་ཆོས་མང་དུ་གསན། ཁྱད་པར་རང་ལུགས་བདེ་མགོན་གཉིས་གཙོས་རྒྱུན་མཁོའི་དབང་དང་རྗེས་གནང་སོགས་ཅི་རིགས་གསན། དགུང་གྲངས་བཅོ་བརྒྱད་ཐོག་དབུས་ཕྱོགས་སུ་ཕེབས་ནས་གནས་ཆེན་རྣམས་དང་ཇོ་ཤཱཀ་རྣམ་གཉིས་སོགས་མཇལ། ཀརྨ་བཀའ་བརྒྱུད་བཀྲ་ཤིས་ཀྱི་ཞབས་པད་མཉེས་པ་གསུམ་གྱི་སྒོ་ནས་བསྙེན་ཏེ་སྨིན་གྲོལ་ཟབ་མོའི་གདམས་པ་རྣམས་འབད་པ་ཆེན་པོས་གསན་སྦྱང་མཛད། སླར་ཡང་གཉན་ས་རི་འགྲིམ་ལྟ་བུའི་མདོ་སྟོད་དང་། དབུས་ཕྱོགས་ཀྱི་གནས་བསྐོར་དང་འབྲེལ་སྒྲུབ་པ་མཛད། བྱང་འབའ་རོམ་གྱི་གདན་སར་བྱོན་སྐབས་ཆོས་རྗེ་དར་མ་དབང་ཕྱུག་དག་སྣང་གིས་དགྱེས་ཞལ་མཇལ་ཞིང་གསོལ་འདེབས་ཕུལ། དཔལ་ལྡན་འབའ་རོམ་པའི་སྙན་བརྒྱུད་འཛིན་པའི་སྒྲུབ་སྡེ་ཐེག་མཆོག་གླིང་གཙོར་བྱས་སྒྲུབ་སྡེ་ཁག་བཞི་གསར་འཛུགས་གནང། གསུང་རྟེན་ལ་འབའ་རོམ་ཆོས་སྐོར་ལྡེབ་གྲངས་སྟོང་ཕྲག་བདུན་ལྷག་ཙམ་ཤིང་པར་བཞེངས། ཁྱུང་སྤྲུལ་རིན་པོ་ཆེས་འཇམ་དབྱངས་བློ་གྲོས་རིན་ཆེན་ཞེས་མཚན་གསོལ་ཏེ་འཆད་རྩོད་རྩོམ་གསུམ་གྱི་བཀའ་བབ། ཁྱད་པར་དཔལ་ལྡན་འབའ་རོམ་པའི་ཐབས་གྲོལ་གསང་བའི་སྙན་བརྒྱུད་བསྟན་པའི་སྙིང་པོར་གཟིགས་ནས་བཀའ་བརྒྱུད་བཀྲ་ཤིས་ཀྱི་ཐུགས་སྲས་མཆོག་སྦས་པའི་རྣལ་འབྱོར་སྡེ་གསར་དབང་དགའ་རིན་པོ་ཆེ་སྒྲུབ་དཔོན་བླ་མ་རུ་གདན་འདྲེན་ཞུས། ཁོང་གི་མདུན་ནས་ཐབས་གྲོལ་གྱི་གདམས་པའི་དམར་ཁྲིད་ཕྱག་ལེན་དང་བཅས་པའི་ཞུན་མཐར་བཅད། འབའ་རོམ་དགོན་སྡེ་སོ་སོར་ཡོད་པའི་རང་ལུགས་ཀྱི་དབང་ལུང་ཁྲིད་གསུམ་ཆོག་གའི་ཕྱག་བཞེས་བཅས་མ་བཞུགས་པ་དང་མ་མཁྱེན་པ་མེད། རིག་འཛིན་གོང་མ་རྣམས་དང། ཡི་དམ་ལྷ་ཞལ་མཇལ་བ་དང། ཆོས་གསན་པ་སོགས་དག་སྣང་གི་སྐོར་མང་དུ་བཞུགས་པ་རྣམ་ཐར་ལས་གསལ་བའོ། །དགུང་གྲངས་དོན་དྲུག་པ་རབ་བྱུང་བཅུ་བདུན་པའི་ལྕགས་རྟ་ ༡༩༩༠ ནག་པ་ས་ག་ཟླ་བའི་ཚེས་ཉེར་བརྒྱད་ལ་སྐུ་གཤེགས། །ཁོང་གི་ཡང་སྲིད་དཔལ་ལྡན་ལུང་རྟོགས་ཀུན་དགའ་ཉི་མ་འཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོ་མཆོག་བསྟན་འགྲོའི་དོན་དུ་འཚོ་ཞིང་བཞེས་པའོ། །སློབ་མ། སྐྱོ་བྲག་གསལ་དུང་རྣམ་གཉིས། སྤྲུལ་ཚེ་དབང་བདེ་ཆེན། བདེ་མོ་སངས་རྒྱས་གྲགས་པ། པདྨ་མ་དྲི་མེད། སྒྲུབ་དཔོན་འཇིག་བཟང་སོགས་མང་དུ་བྱོན་ནོ། །མཛད་ཆོས། དགོངས་གཏེར་གྱི་སྐོར་པོད་གསུམ་ལྷག་ལྷག་བཞུགས།

{{#arraymap:འཇམ་དབྱངས་བློ་གྲོས་རིན་ཆེན་

|; |@@@ | | }}