64365

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇམ་དབྱངས་ཡེ་ཤེས་རིན་ཆེན་ (1)
Part of speech མིང་ཚིག
Definition རིགས་གསུམ་རྣམ་འཕྲུལ་ལས། འཇམ་དབྱངས་སྤྲུལ་པ་ཡེ་ཤེས་རིན་ཆེན་མཆོག་ནི། བློ་གྲོས་སེངྒེའི་སྲས་ཆེ་བ་དང༌། ཡུམ་མ་གཅིག་ཆོས་ཉིད་རྒྱན་བྱ་བའི་སྲས་སུ་རབ་བྱུང་དྲུག་པའི་ཤིང་འབྲུག་ ༡༣༦༤ ལོར་འཁྲུངས། ཡབ་ལས་གདམས་པ་ཀུན་གསན། མཁན་ཆེན་སངས་རྒྱས་དཔལ་བའི་སྤྱན་སྔར་བརྟག་གཉིས་ཀྱི་གསན་སྦྱང་མཛད། དེ་ནས་སྒྲུབ་པ་མཛད་པར་དགོངས་ནས། སྟག་རི་གངས་ཀྱི་ར་བ། མོན་མཁར་ལྷ་རྩེའི་མགུལ་སོགས་སུ་བཞུགས་ཤིང་སྒྲུབ་པ་མཛད། དེར་ཆུའི་དཀའ་ཐུབ་ཀྱང་ཡུན་རིང་མཛད་པས་ཐུགས་དམ་ཤིན་ཏུ་འཕེལ་བར་བྱུང༌། ཆོས་རྗེའི་བཀའ་བཞིན་སྟག་རིར་འགྲོ་དོན་དུ་ལོ་གསུམ་ལ་བཞུགས། དེ་དུས་དགོན་པ་ཤིན་ཏུ་དར་ཞིང་སྐུ་བསོད་ཆེ་བར་བྱུང་ནས། དད་ལྡན་རྣམས་ཀྱིས་ཕུལ་བའི་ཕྱག་རྫས་གཏོས་ཆེ་བ་ར་ལུང་སོགས་གདན་སར་ཕུལ། དེའི་ཐུགས་བྲེལ་སངས་རྗེས་ལྷོ་ཕྱོགས་དང༌། ཉིང་རོ། ར་ལུང་གི་རི་ཁྲོད་རྣམས་སུ་བཞུགས་ཏེ། སྒྲུབ་པ་ཁོ་ན་མཛད། བླ་མ་དང་ཡི་དམ་དཔག་ཏུ་མེད་པའི་ཞལ་མངོན་དུ་གྱུར། བྱིན་རླབས་བླ་མའི་ངོ་སྤྲོད་ལོངས་སྐུའི་ཆས་ཞུགས་ཀྱིས་གནང་སྐབས། སློབ་ཚོགས་རྣམས་ཀྱིས་རྗེ་བཙུན་མ་སོགས་ཡི་དམ་གྱི་ལྷར་མཐོང༌། དེ་ནས་ཆོས་རྗེ་ཁུ་དབོན་གཉིས་རིམ་པར་གཤེགས་ནས། རྗེ་ཉིད་དགུང་ལོ་ཉེར་དགུ་བཞེས་པའི་སྤྲེལ་ལོ་ལ་ར་ལུང་གི་གདན་སར་བཞུགས། གདན་ས་ཡ་བཞིར་ཆོས་ཀྱི་འཁོར་ལོ་ཡང་ཡང་བསྐོར་བས། གདན་ས་རྣམས་དང༌། ཙ་རི། མཁར་ཆུ། ཁ་རག སྟག་རི་སོགས་རི་ཁྲོད་རྣམས་སུ་རྗེ་ཉིད་ཀྱི་བཀའ་འབངས་སུ་གྱུར་ཅིང༌། སྒྲུབ་པའི་རྒྱལ་མཚན་འཛིན་པས་ཁྱབ། ལྷ་འབངས་རྣམས་ཀྱང་ཤིན་ཏུ་རྒྱས། སྣེ་གདོང་གོང་མའི་དྲུང་ནས། རྒྱ་ནག་ཏ་མིང་རྒྱལ་པོའི་འབུལ་བ་བཞེས། འགྲོ་དོན་རྒྱ་ཆེར་བསྐྱངས་ནས་ལྔ་བཅུ་བ་ཆུ་སྦྲུལ་ ༡༤༡༣ ལོའི་སྟོན་ཟླ་ར་བའི་ཚེས་བཅུའི་ཐོ་རངས་ལ་དག་པའི་ཞིང་ཁམས་སུ་གཤེགས་སོ། །