64405

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇམ་མགོན་དཔལ་ལྡན་མཁྱེན་བརྩེའི་འོད་ཟེར་ (1)
Part of speech མིང་ཚིག
Definition སྐུ་གོང་མའི་ཞལ་ཆེམས་ལྟར་ཡབ་རྒྱལ་དབང་མཁའ་ཁྱབ་རྡོ་རྗེ་དང་ཡུམ་བདེ་སྐྱོང་དབང་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཤིང་འབྲུག་ཕྱི་ལོ་ ༡༩༠༤ ཟླ ༩ ཚེས ༧ ཉིན་འོག་མིན་མཚུར་ཕུར་སྐུ་བལྟམས། ལྷུམས་སུ་ཞུགས་མ་ཐག་རྒྱལ་དབང་མཁའ་ཁྱབ་རྡོ་རྗེས་འཇམ་མགོན་གོང་མའི་ཡང་སྲིད་དུ་ཐུགས་ཐག་བཅད་ཅིང་དབུ་སྐྲ་གཙུག་ཕུད་བཞེས་ཏེ་དཔལ་ལྡན་མཁྱེན་བརྩེའི་འོད་ཟེར་དུ་མཚན་གསོལ། རྒྱལ་བའི་དབང་པོའི་དྲུང་ནས་བྱང་ཆུབ་སེམས་སྡོམ་བཞེས་ཏེ་མཚན་བློ་གྲོས་དྲི་མེད་དུ་གསོལ། བཀའ་བརྒྱུད་གསེར་ཕྲེང་གི་ཆོས་སྐོར་ཡོངས་རྫོགས་དང་མཛོད་ཆེན་རྣམ་ལྔ་བསན་བཞེས་མཛད། ཁྱད་པར་མགོན་པོད་བཀའ་རྒྱ་མ། ནག་རྒྱལ་ཕག་གསུམ། ཆོས་དྲུག ཕྱག་ཆེན་གྱི་གཙོས་གསེར་ཆོས་ཡོངས་རྫོགས་ཞུས། དགུང་གྲངས་བཅུ་གཅིག་པར་ཡབ་དང་ལྷན་དུ་ཇོ་ལུགས་སྒྲོལ་དཀར་དང་གསང་ཐིག་ཕུར་པའི་བསྙེན་སྒྲུབ་མཛད། ཏཱའི་སི་ཏུ་པདྨ་དབང་མཆོག་རྒྱལ་པོ་ལས་བླ་མ་དགོངས་འདུས་གཞུང་པོད་བཅུ་གསུམ་གྱི་ལྗགས་ལུང་གསན། ཕྱི་ལོ་ ༡༩༡༥ ལོར་མཚུར་ཕུའི་གདན་སའི་གཙུག་ལག་ཁང་དུ་གསེར་ཁྲིར་མངའ་གསོལ། རྒྱལ་བ་ཡབ་སྲས་རྣམས་ཀྱིས་སྲས་ཀྱི་ཐུ་བོར་དབང་སྐུར་ཆེ་འདོན་མཛད། སི་ཏུ་པདྨ་དབང་མཆོག་རྒྱལ་པོ་དང་ལྷན་དུ་ལྷ་ལྡན་ཇོ་ཤཱཀ་སོགས་རྟེན་མཇལ་དང་། གོང་ས་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོའི་ཞལ་མཇལ་གཙུག་ཕུད་ཕུལ་ཞིང་ཐམ་ཀ་གྲུ་བཞི་དང་གཟེངས་བསྟོད་ཀྱི་ཕྱག་བྲིས་བཅས་བསྩལ། ཟླ་བ་བཅུ་གཅིག་པའི་ཟླ་འགོར་དཔལ་སྤུངས་གདན་སར་ཕྱགས་ཕེབས། ཟླ་བ་དྲུག་པའི་ཆོས་འཁོར་དུས་ཆེན་ཉིན་ཁྲི་འདོན་མཛད་སྒོ་ཟབ་རྒྱས་ཞུས། དེ་ནས་བཟུང་སི་ཏུ་པདྨ་དབང་མཆོག་རྒྱལ་པོ་དང་། འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན། གནས་སར་བཀྲ་འཕེལ། བླ་མ་ཨ་ཚང་སོགས་ལས་བོད་ཀྱི་བརྡ་སྤྲོད་དང་སྨན་གཞུང་ཁག་བསན། གསེར་ཁ་མཁན་པོ་ཆོས་གྲགས་ལས་རྩ་ཤེས་དང་འཇུག་པ་སྤྱོད་འཇུག་དགེ་ཚུལ་ཀ་རི་ཀ་སོགས་གསན་བཞེས་མཛད། བེ་རུ་མཁྱེན་བརྩེའི་དྲུང་ནས་བཀའ་འགྱུར་གྱི་ལྗགས་ལུང་དང་ཇོ་ནང་རིན་འབྱུང་གི་བཀའ་དབང་སོགས་གསན། ཁྱད་པར་འཇམ་མགོན་གོང་མའི་ཞལ་རྒྱུན་ཆོས་དྲུག་གི་ཁྲིད་སོགས་ལ་གསན་བཞེས་མཛད། ཟུར་མང་དྲུང་པའི་མདུན་ནས་གདམས་ངག་མཛོད་ཀྱི་དབང་ལུང་ཁྲིད་གསུམ་མནོས། འབྲུ་བླ་མ་འཇམ་དབྱངས་གྲགས་པ་ལས་འབྲུག་པའི་ཕྱག་ཆེན་དང་ལམ་རིམ་ཡེ་ཤེས་སྙིང་པོ་ཞུས། ཟུར་མང་དུ་དྲུང་སྤྲུལ་དགུ་པའི་མདུན་ནས་འཇམ་མགོན་གོང་མའི་ཟབ་གཏེར་ཡང་དག་གི་ཁྲིད་ལུང་གསན། དགུང་ལོ་ཉེར་ལྔའི་ཐོག་ཟུར་མང་བདུད་རྩི་མཐིལ་དུ་མཁན་ཆེན་དྲུང་པ་ལས་དགེ་སློང་གི་སྡོམ་པ་བཞེས། འོག་མིན་མཚུར་ཕུར་རིན་ཆེན་གཏེར་མཛོད་སོགས་ཀྱི་དབང་ལུང་གྲངས་མང་གནང་བ་སོགས་འཁོར་ལོ་གསུམ་གྱིས་དུས་འདའ་བར་མཛད། མཐར་ཕྱི་ལོ་ ༡༩༥༣ དགུང་གྲངས་ལྔ་བཅུའི་སྟེང་སྒ་ཁྲ་འགུ་དགོན་དུ་ཞི་དབྱིངས་སུ་གཤེགས་སོ། །

{{#arraymap:འཇམ་མགོན་དཔལ་ལྡན་མཁྱེན་བརྩེའི་འོད་ཟེར་

|; |@@@ | | }}