64691

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇིག་རྟེན་པའི་སེམས་བརྒྱད་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། འཇིག་རྟེན་པའི་སེམས་བརྒྱད་དང་ལམ་བརྒྱད་བགྲང་ཚུལ་ཐུན་མོང་བ་སྟེ། གཟི་ལྡན་འཆར་ཁའི་འོད་སྣང་ལས། ཕལ་པའི་སེམས་བརྒྱད་བསྐྱེད་ཅིང་འཇིག་རྟེན་པའི་ལམ་བརྒྱད་ནས་བགྲོད་དེ་འཇུག་པའི་ཚུལ་ནི། ལམ་དང་སེམས་ངོ་བོ་ཐུན་མོང་བ་སྟེ། ཞེས་དང་། ལྷ་དང་མི་རྟོག་པ་བསྒོམ་པ་ལ་འདུན་པ་ཙམ་དུ་སེམས་པའི་རྣལ་འབྱོར་ཉིད་བསྙུང་བར་གནས་པའི་སེམས་ཏེ་ས་བོན་ལྟ་བུ་དང༌། དེ་ནས་ཕ་མ་དང་ཉེ་དུ་ལྟ་བུ་ལ་སྦྱིན་པ་བྱེད་དེ་མྱུ་གུ་ལྟ་བུ་དང༌། ལྟ་སྤྱོད་སྔགས་ཀྱི་ཚུལ་དུ་བཅོས་མའི་རྣལ་འབྱོར་ཉིད་སྙིང་རྗེའི་སྦྱིན་གནས་ལ་གཏོང་བ་སྡོང་པོ་ལྟ་བུ་དང༌། སྔགས་དང་ཚུལ་གཞན་ཕྲ་མེན་དུ་སྤྱོད་པའི་རྣལ་འབྱོར་ཉིད་བྲམ་ཟེ་དང་དགེ་སྦྱོང་དག་ལ་གཏོང་བ་ལོ་མ་ལྟ་བུ་དང༌། འདི་ལ་མོས་པས་དེའི་ཚུལ་རྟགས་འཛིན་པའི་རྣལ་འབྱོར་ཉིད་བླ་མ་དང་རོལ་མོ་མཁན་ལ་ལྷུག་པར་གཏོང་བ་མེ་ཏོག་ལྟ་བུ་དང༌། དེ་ནས་གང་འདོད་པ་ལ་གཏོང་བས་འབྲས་བུ་ལྟ་བུ་དང་དྲུག་གི་སྦྱིན་པའི་བསླབ་པ་དང་། ལྷ་དང་མི་རྟོག་པ་སྒོམ་པ་ལ་མོས་པའི་རྣལ་འབྱོར་ཉིད་སྦྱིན་པས་རྒྱུ་བྱས་ནས་ཚུལ་ཁྲིམས་སྲུང་བ་ལ་མོས་པས་སེམས་བསྐྱེད་དེ་སྲུང་བ་གསོས་སུ་འགྱུར་བ་ལྟ་བུ་དང༌། ཐེ་ཚོམ་མེད་པར་དགེ་བར་ལེགས་པར་འདུན་པའི་རྣལ་འབྱོར་ཉིད་དེ་བས་ཀྱང་ལྷ་ལ་མཆོད་པ་ཕུལ་བ་ཤེས་སྟོབས་ཅན་དུ་འགྱུར་སྙམ་ནས་ཚངས་པ་ལ་སོགས་པ་མཆོད་པ་སྟེ། དེ་དག་ནི་འཇིག་རྟེན་ཕལ་པའི་སེམས་སམ་ལམ་བརྒྱད་ཅེས་ཀྱང་བྱའོ། །ཞེས་གསུངས། གཞན་ཡང་འཇིག་རྟེན་ཕལ་པའི་སེམས་བརྒྱད། འཇིག་རྟེན་པའི་ལམ་བརྒྱད། འཇིག་རྟེན་ཕལ་པའི་ལམ་བརྒྱད་ཅེས་ཀྱང་བརྗོད།
Domain ཆོས་ལུགས།