64765

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇིག་རྟེན་ཤེས་ངོ་ལ་ལྟོས་ཏེ་ཡང་དག་ (1)
Part of speech མིང་ཚིག
Definition མདོ། དབུ་མ། འཇིག་རྟེན་ཤེས་ངོ་ལ་ལྟོས་ཏེ་ཡང་ལོག་གཉིས་ཀྱི་ཡ་གྱལ་ཞིག་སྟེ། གཙོ་ཆེ་བའི་དབང་དུ་བྱས་ན། སྟོང་ཉིད་རྟོགས་པ་ལ་མ་བལྟོས་པར་འཇིག་རྟེན་རང་ཁ་བ་རྣམས་ཀྱིས་སྣང་བ་དེ་སྣང་བ་ལྟར་དུ་མ་གྲུབ་པར་རྟོགས་མི་ནུས་པ་རྣམས་ཡིན་ལ། ཁྱབ་མཐའ་བཟུང་བའི་དབང་དུ་བྱས་ན། སྟོང་ཉིད་རྟོགས་པ་ལ་མ་བལྟོས་པར་འཇིག་རྟེན་པ་རྣམས་ཀྱིས་སྣང་བ་དེ་སྣང་བ་ལྟར་དུ་མ་གྲུབ་པར་རྟོགས་མི་ནུས་པ་རྣམས་ཏེ། དཔེར་ན་བྱད་བཞིན་དང་། བདེན་གྲུབ་ལྟ་བུ་ཡིན་ལ། འདིའི་འཇིག་རྟེན་པ་ནི་སྟོང་ཉིད་རྟོགས་མ་མྱོང་བའི་གང་ཟག་ལ་བྱེད་དེ། མཁས་གྲུབ་བསྟན་དར་བའི་དབུ་མའི་སྤྱི་དོན་ལས། བྱད་བཞིན་དང་དེ་འཛིན་པའི་ཤེས་པ་རྣམས་འཇིག་རྟེན་ཤེས་ངོ་ལ་བལྟོས་པའི་ཡང་དག་ཡིན་ཏེ། སྟོང་ཉིད་རྟོགས་པ་ལ་མ་བལྟོས་པར་སྣང་བ་དེ་སྣང་བ་ལྟར་དུ་མ་གྲུབ་པར་འཇིག་རྟེན་རང་ཁ་བ་རྣམས་ཀྱིས་རྟོགས་མི་ནུས་པའི་ཕྱིར། ཞེས་དང་། མཁས་གྲུབ་རྗེའི་སྟོང་མཐུན་སྐལ་བཟང་མིག་འབྱེད་ལས། དེས་ན་འཇིག་རྟེན་ཤེས་ངོ་ན་ཡང་ལོག་གཉིས་ཀྱི་དབྱེ་བ་ཡོད་ཅེས་པ་ཡང་། འཇིག་རྟེན་རང་དགའ་བས་ཡང་ལོག་གཉིས་ཀྱི་དབྱེ་བ་བྱེད་པའི་དོན་ཡིན་གྱི། ཞེས་དང་། རྗེའི་དབུ་མ་དགོངས་པ་རབ་གསལ་ལས། ཡིད་ལ་གྲུབ་མཐའ་ངན་པའི་གནོད་པ་ཡོད་པས་ལོག་པར་བཟུང་བའི་དོན་རྣམས། འཇིག་རྟེན་པའི་བློ་རང་དགའ་བས་ཕྱིན་ཅི་ལོག་ཏུ་མི་རྟོགས་པས། འཇིག་རྟེན་ཉིད་ལས་ལོག་པར་ཇི་ལྟར་བཞག་ཅེ་ན། འདིར་གནོད་པ་ཡོད་མེད་དཔྱོད་པའི་གནོད་པ་ནི། ལྷན་སྐྱེས་ཀྱིས་ཕྱིན་ཅི་ལོག་ཏུ་འཛིན་པའི་གནོད་པ་ལ་མི་བྱེད་པས། གྲུབ་མཐའ་ངན་པས་བཏགས་པ་ནི་གྲུབ་མཐས་བློ་བསྒྱུར་བ་ཁོ་ནས་ལོག་པར་བཏགས་པའི་གཙོ་བོ་སོགས་ཡིན་ལ། དེ་དག་ཕྱིན་ཅི་ལོག་ཏུ་འཇིག་རྟེན་པའི་བློ་རང་དགའ་བས་མི་རྟོགས་ཀྱང༌། དེ་ཁོ་ན་ཉིད་ལ་མངོན་དུ་མ་ཕྱོགས་པའི་ཐ་སྙད་པའི་ཚད་མས་ལོག་པར་རྟོགས་ན། འཇིག་རྟེན་པའི་ཤེས་པས་ལོག་པར་རྟོགས་པ་ཡིན་ནོ། །ཞེས་དང། མཁས་གྲུབ་བསྟན་དར་བའི་དབུ་མའི་སྤྱི་དོན་ལས། འདིར་བསྟན་པའི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་དང༌། སྐྱེ་འཕགས་ཀྱི་ཁྱད་པར་ཡང་དེ་དག་མཚན་ཉིད་པ་ལ་མི་བྱེད་དེ། སྟོང་པ་ཉིད་རྟོགས་མྱོང་གི་གང་ཟག་རྣམས་འདིར་བསྟན་པའི་འཕགས་པ་དང་འཇིག་རྟེན་ལས་འདས་པ་ཡིན་ཞིང༌། དེ་རྟོགས་མ་མྱོང་བའི་གང་ཟག་རྣམས་འཇིག་རྟེན་པ་དང་སོ་སྐྱེར་འཇོག་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།
Synonyms འཇིག་རྟེན་ཤེས་ངོ་ལ་ལྟོས་ཏེ་ལོག་པ། འཇིག་རྟེན་ཉིད་ལ་ལྟོས་པའི་ལོག་པ།