64971

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇུག་པ་འཆོལ་བ་ (1)
Part of speech མིང་ཚིག
Definition འཇུག་པ་འཁྲུལ་པ་དང། གོ་རིམ་ལྡོག་པ། འཇུག་པའི་རིམ་པ་ནོར་བ་སོགས་དང་དོན་འདྲ། དཔེ་ཡིས་ཅུང་སྤྲོས་ན་ཕྱི་རོལ་གཞན་སྡེས། སྣོད་བཅུད་འཇིག་རྟེན་གྱིས་བསྡུས་པའི་དངོས་པོ་ཐམས་ཅད་ནི་སྤྱི་གཙོ་བོ་ཟེར་བའི་ཆ་མེད་ཡན་གར་བ་ཞིག་ཡོད་པ་དེས་བསྐྲུན་པ་དང་། ཚང་མ་དེའི་རྣམ་འགྱུར་ཙམ་ལས་སྤྱི་དེ་དང་རང་བཞིན་གཅིག་ཡིན་ཟེར། དེ་ལྟར་ཡིན་ན། ཆུ་ལྟ་བུའི་དངོས་པོ་གང་ཡང་རུང་བ་ཞིག་འཚོལ་བ་ན་དངོས་པོ་ཐམས་ཅད་འཚོལ་བར་འགྱུར་བ་དང་། དེ་རྙེད་པ་ན་ཐམས་ཅད་རྙེད་པ་དང། དེ་བཞིན་དུ་ཆུ་མེད་པར་གྱུར་ན་དངོས་པོ་ཐམས་ཅད་ཀྱང་མེད་པར་འགྱུར་བར་འོས་མེད་ཀྱིས་འགྲུབ་པས་དངོས་པོ་ཐམས་ཅད་འཇུག་པ་འཆོལ་འགྲོ་བ་ཡིན། དེས་ན་དངོས་པོ་གང་ཡིན་རང་རང་གི་རྒྱུ་རྐྱེན་ཚང་བ་ལྟོས་ནས་བྱུང་བ་ལས་ཐམས་ཅད་བྱེད་པ་པོ་ཞིག་ག་ལ་ཡོད་དེ་མེད་པ་ཡིན། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། གསུམ་པ་འཇུག་པ་འཆོལ་བར་ཐལ་བ་ཡོད་དེ། གང་གི་བདག་ཉིད་འདུན་བྱས་ནས། ཞེས་སོགས་ཀྱིས་འཆད་པའི་ཕྱིར། ཞེས་པས་སོ། རྒྱལ་ཚབ་རིན་པོ་ཆེའི་རྣམ་འགྲེལ་ཐར་ལམ་གསལ་བྱེད་ལས། ཁྱོད་ཀྱི་ལུགས་དེ་ལ། མེ་འདོད་པ་ཆུ་ལ་འཇུག་པ་དང། དངོས་པོ་ཐམས་ཅད་སྐྱེ་འཇིག་ཅིག་ཅར་བྱེད་པ་ལ་སོགས་པར་ཐལ་བར་འགྱུར་ཏེ། མེ་ཡི་རང་བཞིན་དང་ཆུའི་རང་བཞིན་གཅིག་ཡིན་པའི་ཕྱིར།
Domain ཆོས་ལུགས།