From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འཇུག་པ་སེམས་བསྐྱེད་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཕར་ཕྱིན། མཚན་ཉིད་ནི། རྫོགས་པའི་བྱང་ཆུབ་ཀྱི་སྒྲུབ་པ་ཁྱད་པར་བ་གང་ཞིག་བྱང་ཆུབ་ཀྱི་ཆེད་དུ་ལམ་སྒྲུབ་པར་འདོད་པའི་འདུན་པ་མཚུངས་ལྡན་དང་བཅས་པའོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་ལས་སོ། །སེམས་ཅན་རྣམས་སངས་རྒྱས་ཐོབ་པའི་དོན་དུ་སྤྱོད་པ་སྒྲུབ་པར་འདོད་པ་འཇུག་པའོ། །བདག་གི་བླ་མ་ས་སྐྱ་པའི་ཞལ་སྔ་ནས་ནི། འཇུག་པ་ལ། འཇུག་པའི་སེམས། འཇུག་པའི་སེམས་བསྐྱེད་པ། འཇུག་པའི་སེམས་མི་ཉམས་པར་བསྲུང་བ་གསུམ་ཡོད་དོ། །ཞེས་གསུངས་པ་ནི་མདོ་དང་རྒྱུད་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པར་ངེས་སོ། །དེའི་རྗེས་སུ་འབྲངས་ནས་འཇུག་པའི་སེམས་རྐྱང་པ་སྡོམ་པ་མ་ཡིན་ལ། འཇུག་པའི་སེམས་བསྐྱེད་པ་ལ་མི་མཐུན་པའི་ཕྱོགས་གཞི་དང་བཅས་པ་སྤོང་སེམས་ཡོད་ན་འཇུག་པའི་སེམས་ཀྱང་སྡོམ་པར་འགྱུར་ཏེ། སྡོམ་པའི་མཚན་ཉིད་དང་ལྡན་པའི་ཕྱིར་རོ། །སྡོམ་པའི་མཚན་ཉིད་དང་ལྡན་ཡང་སྡོམ་པར་མི་འགྱུར་ན་སྡོམ་པ་གཞན་ཐམས་ཅད་ཀྱང་སྡོམ་པར་མི་འགྱུར་རོ་ཞེས་ས་པཎ་གྱི་དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག་ལས་སོ། །གཞན་དོན་གྱི་ཆེད་དུ་རྫོགས་པའི་བྱང་ཆུབ་ལ་དམིགས་པའི་འདུན་པ་དང་མཚུངས་ལྡན་ནམ། དེ་ལྟ་བུའི་འདུན་པ་ལས་བྱུང་བའི་གཙོ་བོ་རྣམ་རིག་གང་ཞིག་སྦྱོར་བ་གཙོ་བོར་གྱུར་པ་དེ་ཐེག་ཆེན་གྱི་འཇུག་པ་སེམས་བསྐྱེད་ཡིན་ལ། ས་མཚམས་ཐེག་ཆེན་ཚོགས་ལམ་ནས་ས་བཅུའི་རྒྱུན་མཐའི་བར་ན་ཡོད་དོ། །ཞེས་གཡག་སྟོན་གྱི་རྒྱན་འགྲེལ་རིན་དབང་རྒྱལ་པོ་ལས་སོ། །མཚན་ཉིད་ནི། ཐེག་ཆེན་སེམས་བསྐྱེད་གང་ཞིག་བྱང་ཆུབ་སེམས་དཔའི་སྡོམ་པས་ཟིན་པ་དེ་ཐེག་ཆེན་གྱི་འཇུག་པ་སེམས་བསྐྱེད་དོ། །ས་མཚམས་ནི་ལམ་ལ་ཞུགས་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད་དོ་ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་གསུངས་སོ། །
|
| Domain
|
ཆོས་ལུགས།
|
འཇུག་པ་སེམས་བསྐྱེད་ (2)
| Part of speech
|
མིང་ཚིག
|
| Definition
|
གནས་སྐབས་ཐམས་ཅད་དུ་བསོད་ནམས་རྒྱུན་ཆགས་འཕེལ་བའི་ཐེག་ཆེན་གྱི་ཀུན་རྫོབ་སེམས་བསྐྱེད་གང་ཞིག །གཞན་དོན་དུ་རྣམ་མཁྱེན་ཡིད་ལ་བྱེད་པའི་དྲན་འདུན་མངོན་གྱུར་དང༌། སྤྱོད་པ་ཉམས་ལེན་གྱི་བྱ་བ་གཉིས་ཀས་དངོས་སུ་ཟིན་པས་རབ་ཏུ་ཕྱེ་བར་དམིགས་པའོ། །དཔེར་ན་འགྲོའོ་སྙམ་པའི་བློ་མངོན་གྱུར་དང་འགྲོ་བཞིན་པའི་བྱ་བས་དངོས་སུ་ཟིན་པའི་གནས་སྐབས་ལྟ་བུའོ། །
|