65057

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇོ་ཕུ་ཆོས་ལུ་དང་པོ་འགྲོ་དོན་རྒྱ་མཚོ་ (1)
Part of speech མིང་ཚིག
Definition ཡབ་ཡུམ་གྱི་མཚན་དང་འཁྲུངས་ལོ་ངེས་རྙེད་མ་བྱུང་ཡང༌། ཕལ་ཆེར་རབ་བྱུང་བཅུ་གཅིག་པའི་ནང་ཙམ་དུ་འཁྲུངས། རྗེ་མདོ་ཁམས་པ་གྲུབ་དབང་ཀརྨ་བསྟན་འཕེལ་ལ་བསྟེན་ནས་བྱིན་རླབས་བརྒྱུད་པའི་གདམས་པ་གསན་ཞིང༌། བྲག་གཡབ་ཆོས་ལུ་ཞེས་ཀྱང་གྲགས། དེ་ཡང་ཐོག་མར་རབ་མདོ་དང་མཁར་སྒང་བར་གྱི་རི་རྩེར་དབེན་གནས་བཀྲ་ཤིས་ལྷ་རྩེ་ཞེས་པར་སྒྲུབ་པ་ཉམས་བཞེས་མཛད་ནས་རབ་བྱུང་བཅུ་གཅིག་པའི་ཆུ་མོ་ཡོས་ཀྱི་ ༡༦༦༣ ལོར་འདུ་ཁང་སོགས་བཞེངས་པའི་དབུ་ཚུགས། དེའི་ཚེ་དགོན་འདིར་རབ་ཏུ་བྱུང་ནས་དབེན་པའི་རི་བོར་རྟག་ཏུ་སྡོད་ཚུགས་དགོས་པའི་དགེ་འདུན་གྱི་ནང་ཁྲིམས་ལེགས་པས། རྣམ་དག་ཁྲིམས་གཙང་གི་ཚད་དུ་བྱེད་པའི་འདུས་སྡེ་ཞིག་བྱུང༌། འཁོར་མོ་ཡུག་ཏུ་ཆོས་སྤྱོད་ལ་གཞོལ་བས་སྟོན་འཁོར་མཛེས་ཤིང༌། འགྲོ་བ་ལྷ་དང་བཅས་པའི་མཆོད་གནས་སུ་གྱུར་པས་མི་མ་ཡིན་གྱིས་གསེར་གླ་རྐྱལ་གང་ཕུལ་བར་གྲགས། དད་རྫས་རྣམས་དགེ་རྩར་སྨིན་ཆེད་མཐིང་ཤོག་ལ་གསེར་གྱིས་བྲིས་པའི་བཀའ་འགྱུར་ཚར་གཉིས་བཞེངས་པ་སོགས་ལས་ཀྱི་འཁོར་ལོའི་མཛད་རྗེས་ཀྱང་ཆེ། དེ་ནས་རིམ་བཞིན་འཇོ་ཕག་གྲུའི་ཕུག་ཏུ་བཞུགས་ཤིང༌། དེར་ཡང་སྒྲུབ་པའི་སྡེ་ཚུགས་ཐུབ་པ་བྱུང༌། གནས་འདི་འཇོ་གཞུང་གི་ཕུ་ལ་ཡོད་པས་དེ་ཕྱིན་འཇོ་ཕུ་དགོན་ཞེས་གྲགས། ཁམས་འབྲུག་པ་ཕུ་བཞི་གྲགས་པའི་ཡ་གྱལ་ཏེ། ཕུ་བཞི་ནི་འཇོ་ཕུ། དགོན་ཕུ། གུ་ཕུ། དྷིཿཕུ་ཞེས་སོ། །དབོན་དགེ་རིན་པས་མཛད་པའི་ཕྱག་ཆེན་བརྒྱུད་པའི་ལོ་རྒྱུས་ལས། རབ་བྱུང་བཅུ་གཅིག་པའི་མེ་སྟག་ ༡༦༨༦ ལོར། རྗེ་བླ་མ་བསོད་ནམས་རྒྱ་མཚོའི་སྤྲུལ་སྐུ་དགེ་ལེགས་མཆོག་གྲུབ་བསྟན་འཛིན་དེ་ཉིད་བླ་མ་ཆོས་ལུའི་རང་གནས་འཇོ་ཕག་གྲུའི་ཕུག་གི་གཙུག་ལག་ཁང་དུ་སྤྱན་དྲངས་ནས། སེངྒེའི་ཁྲི་ལ་མངའ་གསོལ་ཞིང༌། རང་གི་བདོག་པ་ཐམས་ཅད་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དུ་སྤྲུལ་ནས་ཕུལ། རྗེ་གོང་མ་ནས་བརྒྱུད་པའི་དབང་ཆོས་ཕལ་ཆེར་བུམ་པ་གང་བྱོའི་ཚུལ་དུ་བསྩལ། མཆོག་སྤྲུལ་རིན་པོ་ཆེ་དབུས་ཕེབས་སྐབས་སྒར་ཆས་ཞབས་ཕྱི་འབུལ་རྫས་ཀྱི་ཆ་རྐྱེན་གང་དགོས་དང༌། ཕྱིར་ཕེབས་དུས་ཤངས་ལེན་སོགས་ལུགས་གཉིས་ཀས་དབུ་འདྲེན་ཡང་དག་པ་གནང་བར་བཤད་དོ། །རྒྱལ་དབང་འབྲུག་ཆེན་དྲུག་པ་མི་ཕམ་དབང་པོས་མཻ་ཏྲི་བརྒྱ་རྩའི་དབང་རྒྱུན་གསན་བཞེས་དང༌། རྗེ་འདི་ཉིད་གཞུང་གི་རྔོག་སྟོན་ཆོས་རྡོར་གྱི་སྤྲུལ་པར་ལུང་བསྟན། དེ་ལྟར་བསྟན་འགྲོའི་དོན་མཐར་ཕྱིན་ཏེ། རབ་བྱུང་བཅུ་གཉིས་པའི་ས་ཡོས་ ༡༦༩༩ ལོའི་ས་ཟླའི་ཉེར་ལྔ་ལ་ཞི་བར་གཤེགས་སོ། །ལོ་འདིར་རྗེ་ལོ་རི་ཤེས་རབ་རྒྱ་མཚོ་ཡང་གཤེགས་སོ། །