6515
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། གླེང་གཞི་ནི་དགེ་སློང་མ་རྣམས་ཀྱིས་གཉིས་ཀའི་དགེ་འདུན་ལ་དགག་དབྱེ་བྱའོ་ཞེས་གསུངས་པ་ན། དེ་ནས་དགེ་སློང་མ་རྣམས་ཀྱིས་སྦོམ་དགའ་མོ་ལ་སྨྲས་པ། གཉིས་ཀའི་དགེ་འདུན་ལ་དགག་དབྱེ་བྱ་ཡིས་ཚུར་སྤྱོན། དེས་སྨྲས་པ། ཁོ་མོ་ནི་སྡེ་སྣོད་གསུམ་པ་ཡིན་པས། ཁོ་མོས་དགག་དབྱེ་ཇི་ལྟར་བྱ་བ་ཤེས་ཏེ། དགེ་སློང་གི་དགེ་འདུན་ལ་ལྕག་པོད་དང་ཤུར་ཕུ་ཕྲེའུ་ཕལ་མོ་ཆེ་དབུལ་དགོས་པས། ཁྱེད་ཅག་དེངས་ཤིག ཁོ་མོ་ནི་དེར་མི་འགྲོའོ་ཞེས་ཟེར་བའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་བ་ལས་སོ། །དགག་བྱ་ནི་དགག་དབྱེའི་ཕན་ཡོན་མི་འཐོབ་པ་སྟེ། ཆོས་དག་པ་དང་ཚུལ་ཁྲིམས་དག་པར་མི་འགྱུར་བའོ། །དགེ་སློང་མ་དབྱར་གནས་(པར་ཁས་བླངས། )པས་གཉིས་ཀའི་དགེ་འདུན་ལ་གནས་གསུམ་གྱིས་(མཐོང་བ་ཐོས་པ་དོགས་པ་གསུམ། ) དགག་དབྱེ་མི་བྱེད་པ་ལ་ལྟུང་བྱེད་དུ་འགྱུར་ཏེ། དགེ་སློང་ཕ་མའི་དགེ་འདུན་གཉིས་པོ་གང་རུང་གཅིག་ཁོ་ན་ལ་དགག་དབྱེ་མི་བྱེད་དམ། དགེ་འདུན་གཉིས་པོ་གང་ལ་ཡང་དགག་དབྱེ་མི་བྱེད་པ་ལས་སོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །གཉིས་ཀའི་དགེ་འདུན་ལ་དགག་དབྱེ་མི་བྱེད་པ་ནི། ལྕི་བའི་ཆོས་ལས་འདས་པའི་ལྟུང་བྱེད་དོ། ཅེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས། |
| Domain | ཆོས་ལུགས། |