65316

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདན་མ་ཚུལ་ཁྲིམས་རྒྱ་མཚོ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་དྲུག་པའི་མཇུག་ཏུ་མཚོ་སྔོན་དགོན་ལུང་གི་མཆོད་གཞིས་འདན་མའི་སྡེ་བར་ཡབ་ཀླུ་འབུམ་ཕྱུག་དང་། ཡུམ་དཀར་མོ་གཉིས་ཀྱིས་སྲས་སུ་འཁྲུངས། ཆུང་དུས་ནས་དགེ་སློང་དཔལ་འབྱོར་ལས་ཡི་གེའི་སྦྱོར་ཀློག་སོགས་མཁྱེན་པར་མཛད། ཟི་ན་སྒར་དུ་རབ་ཏུ་བྱུང་། མཚན་ལ་ཚུལ་ཁྲིམས་རྒྱ་མཚོ་ཞེས་སྩལ། སླར་དགོན་ལུང་དུ་སུམ་པ་དམ་ཆོས་རྒྱལ་རྒྱ་མཚོ་བསྟེན། འདུལ་བ་དང་ཕར་ཕྱིན་ལ་སྦྱངས། རྒྱལ་སྲས་དོན་ཡོད་ཆོས་ཀྱི་རྒྱ་མཚོ་ལས་བསྡུས་གྲྭ་གསན། དབུས་ཀྱི་འབྲས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས། གུང་རུ་སངས་རྒྱས་བཀྲ་ཤིས་དགེ་རྒན་དུ་བསྟེན། བྱམས་ཆོས་སོགས་གཞུང་ཆེན་བཀའ་པོད་མང་པོར་མཁས་པར་བསླབས། རབ་འབྱམས་སྨྲ་བ་བསོོད་ནམས་གྲགས་པའི་དྲུང་ནས་ཆོས་བཀའ་ཅི་རིགས་གསན། དྭགས་པོ་གྲྭ ཚང་ནས་གཞུང་བཀའ་པོད་ལྔ་ལ་སློབ་གཉེར་ཚར་གཅིག་མཛད། སླར་འབྲས་སྤུངས་སུ་ཕེབས་ནས་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད། ལྷོ་ཁ་ནས་རྒྱལ་སྲས་དོན་ཡོད་ཆོས་ཀྱི་རྒྱ་མཚོ་ལས་གཅོད་ཀྱི་གདམས་ངག་གསན། པཎ་ཆེན་བློ་བཟང་ཆོས་རྒྱན་ལས་བསྙེན་པར་རྫོགས། བདེ་གསང་དུས་འཁོར་གྱི་དབང་དང་། གསང་བདེ་འཇིགས་གསུམ་གྱི་སྐྱེད་རྫོགས་ཀྱི་དམར་ཁྲིད་ཞུས། རི་བོ་དགེ་འཕེལ་དང་རྟ་ནག་སྒྲུབ་ཕུག་ཏུ་སྒོམ་སྒྲུབ་ཉམས་ལེན་མཛད། རྟོགས་པ་ལ་མངའ་བརྙེས། བསྟན་སྲུང་རྡོ་རྗེ་དྲེགས་ལྡན་བྲན་དུ་བཀོལ། རབ་བྱུང་བཅུ་གཅིག་པའི་མེ་གླང་ཕྱི་ལོ ༡༦༣༧ ལོར་དགོན་ལུང་བྱམས་གླིང་གི་གདན་ཁྲིར་བཞུགས། འཆད་ཉན་ལོ་གཉིས་རིང་བསྐྱངས། ཁྲི་ཟུར་རྗེས་མཆོད་རྟེན་ཐང་དུ་དགོན་པ་དང་། ཀན་ཆེན་དགོན་ཐར་བ་གླིང་བཏབ། དགོངས་པ་ཆོས་དབྱིངས་སུ་གཤེགས། སློབ་མ་གཙོ་བོ་ནི་ཐུའུ་བཀྭན་དཀའ་བཅུ་ཚུལ་ཁྲིམས་རིན་ཆེན་དང་། ལིན་ཀྱ་དཀའ་བཅུ། ལུའུ་ཀྱ་དགེ་འདུན་བློ་གྲོས་བཅས་ཡིན། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱན་གྱི་ཐུགས་སྲས་སྟོང་ཉིད་རྟོགས་པའི་གྲུབ་ཆེན་བཞིའི་བསམ་བློ་ཚུལ་ཁྲིམས་རྒྱ་མཚོར་གྲགས་པ་དེ་ཡིན། དགོན་ལུང་བྱམས་པ་གླིང་གི་གདན་སའི་མཁན་རབས་བརྒྱད་པ་ཡིན།