65422

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདར་གྲང་མོ་ཆེ་ (1)
Part of speech མིང་ཚིག
Definition ཆོས་བརྒྱུད་ས་སྐྱ་ཚར་ལུགས་ཡིན། ཐོག་མར་བསྟན་པ་སྔ་དར་སྐབས་ལོ་ཙཱ་བ་ཆེན་པོ་རྨ་རིན་ཆེན་མཆོག་གིས་ཕྱག་བཏབ་པ། རྗེས་སུ་དམག་འཁྲུག་སོགས་ཀྱིས་ཉམས་རྒུད་དུ་སོང་བ། ཚར་ཆེན་ཡབ་སྲས་ཀྱིས་སླར་གསོ་མཛད་དེ་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་གདན་སར་འགྱུར། འདི་ནི་གཞིས་རྩེ་ས་ཁུལ་ལྷ་རྩེ་ཆུ་ཤར་དུ་གནས་སྤོས་ཡོད་མོད། ད་ལྟའི་གནས་ཡུལ་ནི་སྔོན་དུས་དབྱར་མཐོངས་གནང་ཡུལ་དུ་ཆགས། རྟེན་ལ། དབུ་རྩེ་ཀ་བ་བཅུ་གཉིས་པའི་ལྷ་ཁང་དུ་ཚར་ཆེན་གྱི་དངུལ་གདུང་། འདྲ་ཞལ་དང་། དབུས་སུ་གནས་གསར་བ་མཁྱེན་བརྩེའི་དབང་ཕྱུག་སྐུ་གདུང་ཟངས་གསེར། ལམ་འབྲས་བླ་བརྒྱུད་ཁྲུ་གང་པ་ཚར་ཆེན་ཕྱག་གནས་མ་སོགས་དང་། འདུ་ཁང་སྦུག་གཡས་གུར་ཞལ། དམ་ཅན་མགར་ནག་བཻ་སོགས་མགོན་ཁང་འཇིམ་སྐུ་ངོ་མཚར་བྱིན་ཆགས་ཟིལ་ཆེ་བ། ཕྱི་ཁྱམས་འདུ་ཁང་ཀ་བ་ཉི་ཤུ་རྩ་ལྔ་པ། དབུས་སུ་དྲི་གཙང་ཁང་། དུས་གསུམ་སངས་རྒྱས་ཐོག་སླེབ་འཇིམ། འོད་ཟེར་དྲུག་གུར་འདམ་གྱིས་བཞེངས་གསུང་འབྱོན་ཡིན་པའི་སྒྲོལ་དཀར་ཚར་ཆེན་ཕྱག་གནས་མ་མི་ཚད། འདུ་ཁང་དུ་རྡོར་སེམས་དངུལ་སྐུ་དང་། ཨུ་རྒྱན་རིན་པོ་ཆེ་དངུལ་སྐུ་ལེགས་པ་མི་ཚད། ཚར་ཆེན་བཞུགས་ཁྲི། ཚར་ལུགས་དགྱེས་རྡོར སོགས་སྣང་། སྒོ་ཤུབས་ཐོག་ཁར་གནས་བཅུ་ལྷ་ཁང་། ཆོས་ར་དབུས་རྡོ་ལ་སངས་རྒྱས་སྟོང་སྐུ་བརྐོས་པ་སོགས་ཕྱི་ནང་རྟེན་དཔག་ཏུ་མེད་པ་རྣམས། ཚར་ཆེན་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོ། མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། སྔགས་འཆང་བསོད་ནམས་ཆོས་འཕེལ་སོགས་ཀྱིས་བསྐྱངས་ཏེ་དར་ཞིང་རྒྱས་པར་མཛད་ནའང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གིས་བཙན་འཛུལ་དང་རིག་གསར་སྐབས་དེ་དག་ཐམས་ཅད་མིང་གི་ལྷག་མར་བྱས། ཕྱིས་སུ་དབུ་ཆེན་དམ་པ་ཤེས་རབ་ལགས་སོགས་ཡོན་མཆོད་རྣམས་ཀྱིས་འདུ་ཁང་གསར་བཞེངས་དང་། བདུན་པའི་བཅོ་ལྔའི་དུས་མཆོད་ཆེན་མོ་སོགས། ཚར་ལུགས་ཐུན་མིན་གར་ཐིག་དབྱངས་རོལ་མཐོང་བརྒྱུད་ཕྱག་ལེན་རྣམས་སླར་གསོ་མཛད། ད་ཆ་དབུ་འཛིན་འཇམ་བསྟན་ལགས་ཀྱིས་གཙོ་བོའི་ཐུགས་འགན་བཞེས་པ་དང་། དཔལ་ས་སྐྱའི་ལིང་ཆུ་སྡེའི་བླ་བསྐོས་ཆོས་རྣམ་ལགས་སོགས་དང་། མང་ཚོགས་བཅས་ཀྱི་མཐུན་འགྱུར་ལ་བརྟེན་ནས། གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་གནང་བཞིན་པ་དང་། ཕྱོགས་འདུས་གཉུག་མར་གནས་པའི་བློ་གསར་བཤད་གྲྭ་བས་བཤད་སྒྲུབ་ཀྱིས་ཚར་ལུགས་ཁའུ་བྲག་རྫོང་པའི་བསྟན་པ་སླར་གསོ་མཛད་བཞིན་པ་བཅས་དང་། གདན་ས་འདིའི་ཁོངས་སུ་རྣམ་རྒྱལ་སྟག་རྩེ། རྣམ་རྒྱལ་ཆོས་རྫོང་། ཁྱུང་ལུང་མགོན་ཁང་། རགས་རྫོང་། སྐྱིད་གཤོངས་དགེ་བའི་ཚལ། བེག་ཙེ་མགོན་ཁང་། བླ་བྲང་ཕྲ་མོ། བྲག་ཤོད། ཤིང་དམར་དགོན་གསར། གྲའུ་དགོན་གསར་སོགས་དང་། གཞིས་ཀ་སོགས་མང་དུ་ཡོད།
Synonyms འདར་གྲང་མོ་ཆེ་གསང་སྔགས་རྡོ་རྗེའི་ཕོ་བྲང་། འདར་སྟོད་གྲང་མོ་ཆེ། འདར་སྟོད་ཆོས་འཁོར་ཡང་རྩེ།