65530

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདིར་བསྟན་སྤང་བྱ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། མངོན་པར་མཐོ་བ་དང༌། ངེས་པར་ལེགས་པ་གང་རུང་ཐོབ་པ་ལ་སྒྲིབ་བྱེད་གང་ཞིག རང་གི་གཉེན་པོ་སྟོབས་ལྡན་གྱི་སྤང་བྱར་དམིགས་པ་དེ། འདིར་བསྟན་གྱི་སྤང་བྱའི་མཚན་ཉིད། དེ་ལ་རྒྱས་པར་དབྱེ་ན་སྤང་གཉེན་གྱི་རབ་དབྱེ་བསམ་གྱིས་མི་ཁྱབ་སྟེ། ནམ་མཁའ་ལྟར་མཐའ་ཡས་པའི་ཕྱིར། གོ་བདེ་བའི་ཕྱིར་ཅུང་ཟད་དབྱེ་ན། འཇིག་རྟེན་པའི་ལམ་གྱི་སྤང་བྱ། མཐོང་བས་སྤང་བར་བྱ་བ། སྒོམ་པས་སྤང་བར་བྱ་བ་དང༌། ཡང་སྒྲིབ་པ་ལ་རིགས་ཀྱི་སྒོ་ནས་དབྱེ་ན། ཆགས་པའི་སྒྲིབ་པ། ཐོགས་པའི་སྒྲིབ་པ། དམན་པའི་སྒྲིབ་པ། ལས་ཀྱི་སྒྲིབ་པ། ཉོན་མོངས་ཤས་ཆེ་བའི་སྒྲིབ་པ། རྣམ་སྨིན་གྱི་སྒྲིབ་པ། འདོད་ཆེན་པའི་སྒྲིབ་པ། མུ་སྟེགས་པའི་སྒྲིབ་པ། ཉན་ཐོས་ཀྱི་སྒྲིབ་པ། རང་བྱུང་གི་སྒྲིབ་པ། ཁྱབ་པའི་སྒྲིབ་པ། ཉི་ཚེ་བའི་སྒྲིབ་པ། ལྷག་པའི་སྒྲིབ་པ། མཉམ་པའི་སྒྲིབ་པ། ལེན་པ་དང་སྤོང་བའི་སྒྲིབ་པ། བྱང་ཕྱོགས་སོ་བདུན་གྱི་མི་མཐུན་ཕྱོགས་སུ་གྱུར་པའི་སྒྲིབ་པ། ཕ་རོལ་ཏུ་ཕྱིན་པ་བཅུའི་མི་མཐུན་ཕྱོགས་སུ་གྱུར་པའི་སྒྲིབ་པ། ས་བཅུའི་མི་མཐུན་ཕྱོགས་སུ་གྱུར་པའི་སྒྲིབ་པ། ཞི་གནས་ཀྱི་མི་མཐུན་སུ་གྱུར་པའི་སྒྲིབ་པ། ལྷག་མཐོང་གི་མི་མཐུན་ཕྱོགས་སུ་གྱུར་པའི་སྒྲིབ་པ། ཡོན་ཏན་ལ་དབང་འབྱོར་བའི་སྒྲིབ་པ། ཉོན་མོངས་པའི་སྒྲིབ་པ། ཤེས་བྱའི་སྒྲིབ་པ། སྙོམས་འཇུག་གི་སྒྲིབ་པ། འདོད་པ་ལ་འདུན་པ་དང༌། གནོད་སེམས་དང༌། གཉིད་རྨུགས་དང༌། རྒོད་འགྱོད་དང༌། ཐེ་ཚོམ་དང༌། གནས་ངན་ལེན་གྱི་སྒྲིབ་པ་དང༌། ས་བཅུ་གཅིག་པོ་སོ་སོའི་མི་མཐུན་ཕྱོགས་སུ་གྱུར་པའི་སྒྲིབ་པ་རྣམས་ཡོད། བསྡུ་བ་ནི། སྒྲིབ་པ་ཐམས་ཅད་བསྡུ་ན་ཉོན་མོངས་པའི་སྒྲིབ་པ་དང༌། ཤེས་བྱའི་སྒྲིབ་པ་གཉིས་སུ་བསྡུ་སྟེ། གཙོ་པོར་ཐར་པ་ཐོབ་པ་ལ་བར་དུ་གཅོད་བྱེད་ཀྱི་སྒྲིབ་པ་དང༌། གཙོ་བོར་ཐམས་ཅད་མཁྱེན་པ་ཐོབ་པ་ལ་བར་དུ་གཅོད་བྱེད་ཀྱི་སྒྲིབ་པ་གཉིས་སུ་བསྡུ་བའི་ཕྱིར།
Domain ཆོས་ལུགས།