6558
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། གཉིས་སྣང་ནུབ་བཅས་ཀྱི་ཁྱད་པར་ནི། སྤྱིར་གཉིས་སྣང་དེ་ལ་ཡང། ཀུན་རྫོབ་པའི་གཉིས་སྣང་ཡུལ་ཡུལ་ཅན་ཐ་དད་པའི་གཉིས་སྣང་གཉིས་ལས། ཤེས་པ་མྱོང་བྱེད་ཀྱི་རང་རིག་རྣམས་ནི། ཤེས་པ་སྣང་བའི་ཚེ་ཤེས་པ་ཀུན་རྫོབ་པའི་གཉིས་སྣང་དང་བཅས་པ་ཡིན་ཏེ། ཤེས་པ་ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར། དེའི་ཚེ་དེ་རྣམས་ཤེས་པ་ལ་ཡུལ་ཡུལ་ན་ཐ་དད་པའི་གཉིས་སྣང་ནི་ནུབ་པ་ཡིན་ཏེ། དེའི་ཚེ་དེ་རྣམས་ལ་ཤེས་པ་དེ་ཡུལ་ཅན་རང་ཉིད་དང་རྒྱང་ཆད་དུ་མི་སྣང་བར་རང་ཉིད་དང་ཆུ་ལ་ཆུ་བཞག་གི་ཚུལ་དུ་སྣང་བ་ཡིན་པའི་ཕྱིར། རྣམ་མཁྱེན་ལ་ཆོས་ཉིད་དང་ཡུལ་ཅན་རྣམ་མཁྱེན་རང་ཉིད་ཐ་དད་དུ་སྣང་ཡང། ཆོས་ཉིད་ལ་ཡུལ་ཡུལ་ཅན་ཐ་དད་པའི་གཉིས་སྣང་ནུབ་པ་ཡིན་ཏེ། དེ་ལ་ཆོས་ཉིད་དེ་ཡུལ་ཅན་རང་ཉིད་དང་འབྲེལ་མེད་དུ་མི་སྣང་བར། ཆུ་ལ་ཆུ་བཞག་གི་ཚུལ་དུ་སྣང་བ་ཡིན་པའི་ཕྱིར། ཇི་ལྟ་བ་གཟིགས་པའི་རྣམ་མཁྱེན་གྱིས་ཇི་ལྟ་བ་གཟིགས་པའི་གཟིགས་ངོར། ཀུན་རྫོབ་པའི་གཉིས་སྣང་ནུབ་པ་ཡིན་ཏེ། དེས་དེ་གཟིགས་པའི་གཟིགས་ངོར་ཀུན་རྫོབ་པའི་ཆོས་མ་གྲུབ་པའི་ཕྱིར། ཇི་ལྟ་བ་མཁྱེན་པའི་རྣམ་མཁྱེན་གྱི་སྣང་ངོ་དང་ངེས་ངོར་ནི་ཀུན་རྫོབ་པའི་གཉིས་སྣང་དང་བཅས་པ་ཡིན་ཏེ། དེའི་སྣང་ངོ་དང་ངེས་ངོ་གཉིས་ཀར་ཀུན་རྫོབ་པའི་ཆོས་གྲུབ་པའི་ཕྱིར། སློབ་པའི་རྒྱུད་ཀྱི་སྟོང་ཉིད་རྟོགས་པའི་མངོན་སུམ་རྣམས་ནི། སྣང་ངོ་ངེས་ངོ་གཉིས་ཀར་ཀུན་རྫོབ་པའི་གཉིས་སྣང་ནུབ་པ་ཡིན་ཏེ། དེ་རྣམས་ཀྱི་སྣང་ངོ་དང་ངེས་ངོ་གཉིས་ཀར་ཀུན་རྫོབ་པའི་ཆོས་མ་གྲུབ་པའི་ཕྱིར། སློབ་པའི་རྒྱུད་ཀྱི་སྟོང་ཉིད་རྟོགས་པའི་རྗེས་དཔག་གི་སྣང་ངོར་ཀུན་རྫོབ་པའི་གཉིས་སྣང་དང་བཅས་པ་ཡིན་ཀྱང། དེའི་ངེས་ངོར་ནི་ཀུན་རྫོབ་པའི་གཉིས་སྣང་ནུབ་པ་ཡིན་ཏེ། དེ་ལ་ཆོས་ཉིད་ཀྱི་དོན་སྤྱི་སྣང་བ་གང་ཞིག དེའི་ངེས་ངོར་གྲུབ་ན། དོན་དམ་བདེན་པ་ཡིན་དགོས་པའི་ཕྱིར། |
| Domain | [ཆོས་ལུགས།, ལྟ་གྲུབ།] |