65599
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། འདུ་ཤེས་ཀྱི་ཕུང་པོའི་མཚན་ཉིད། ཡུལ་དབང་རྣམ་ཤེས་གསུམ་འདུས་ནས་ཡུལ་གྱི་མཚན་མ་སོ་སོར་གཅོད་པར་བྱེད་པའི་སེམས་བྱུང་དུ་མ་སྤུངས་པའོ། །དེ་ཡང་ཆོས་རྣམས་ལ་གཞན་དང་མ་འདྲེས་པའི་ཐུན་མོང་མིན་པའི་ཁྱད་ཆོས་རེ་རེ་ཡོད་པ་ནི་མཚན་མ་ཡིན་ལ་དེ་འཛིན་པའི་སྒོ་ནས་འདིའོ་ཞེས་ཐ་སྙད་འདོགས་པའི་རྒྱུར་གྱུར་པ་སྟེ། དཔེར་ན་ནོག་ལྐོག་ཤལ་བཟུང་ནས་འདི་ནི་བ་ལང་ངོ་ཞེས་པའི་ཐ་སྙད་འདོགས་པའི་རྒྱུར་གྱུར་པ་ལྟ་བུའོ་ཞེས་ཀུན་མཁྱེན་གོ་རམས་པའི་ཇི་སྙེད་ཤེས་བྱའི་སྒོ་འབྱེད་ཅེས་བྱ་བ་ལས་སོ། །འདུ་ཤེས་ནི་མཚན་མར་འཛིན་པའི་བདག་ཉིད་དོ། །དེ་ཡང་སྔོན་པོ་ལ་སོགས་པའི་ཁྱད་པར་ཡོངས་སུ་གཅོད་པའོ། །དབྱེ་བ་ནི། དོན་ལ་མཚན་མར་འཛིན་པ་སྔོན་པོ་ལ་སོགས་པར་འཛིན་པ་དང། ཐ་སྙད་ལ་མཚན་མར་འཛིན་པ་སྐྱེས་པ་དང་བུད་མེད་ཅེས་བྱ་བ་ལ་སོགས་པར་འཛིན་པ་གཉིས་སོ། །ཡང་ན་རྟེན་གྱི་སྒོ་ནས་འདུ་ཤེས་ཀྱི་ཚོགས་དྲུག་གོ །ཡང་ན་འདོད་པའི་འདུ་ཤེས་རྒྱ་ཆུང་ངུ་དང་། གཟུགས་ཀྱི་འདུ་ཤེས་རྒྱ་ཆེན་པོ་དང་གཟུགས་མེད་པའི་འདུ་ཤེས་ཚད་མེད་པ་གསུམ་དབྱེའོ། །གལ་ཏེ་འཕགས་པ་རྣམས་ཀྱི་མཉམ་གཞག་གི་ཡེ་ཤེས་ལ་འདུ་ཤེས་ཡོད་ན་མཚན་མར་འཛིན་པར་འགྱུར་ཞིང། དེ་ལྟར་ན་མཚན་འཛིན་ལས་གྲོལ་བར་བཤད་པ་དང་འགལ་ལོ། །འདུ་ཤེས་མེད་ནའང་འདུ་ཤེས་སེམས་ཀྱི་ཀུན་འགྲོ་མ་ཡིན་པར་འགྱུར་རོ་ཞེ་ན། འཕགས་པ་རྣམས་ཀྱི་ཡེ་ཤེས་ལའང་རང་ཉིད་གསལ་བ་དང་མི་གསལ་བ་དང་སིམ་གདུང་ལ་སོགས་པའི་ཁྱད་པར་འཛིན་པ་ནི་ཡོད་མོད་ཀྱི་མཚན་མ་ལས་གྲོལ་བར་བཤད་པ་ནི་བདག་གཉིས་སུ་ཞེན་པ་ལས་གྲོལ་བ་ཡིན་པས་སྐྱོན་གཉིས་ལས་གྲོལ་བ་ཉིད་དོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །མཚན་ཉིད་ནི། རང་སྟོབས་ཀྱིས་ཡུལ་གྱི་སྤུ་རིས་སོ་སོར་ཕྱེ་ནས་འཛིན་པའི་རིགས་སུ་གནས་པའི་སེམས་བྱུང་དེའོ། །དབྱེ་ན། འདུ་ཤེས་ཕྱིན་ཅི་ལོག་པ་དང་མ་ལོག་པ་གཉིས། དང་པོ་ལ་ཡང་དབྱེ་ན། བདག་མེད་པ་ལ་བདག་ཏུ་དང། མི་རྟག་པ་ལ་རྟག་པར་དང། སྡུག་བསྔལ་ལ་བདེ་བར་དང། མི་གཙང་བ་ལ་གཙང་པར་འདུ་ཤེས་པ་དང་བཞི་ཡོད་དོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། ། |
| Domain | ཆོས་ལུགས། |