65618
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། ཀུན་བཏུས་ལུགས་ལ། འདུ་ཤེས་མེད་པའི་ལྷའི་རྒྱུད་ཀྱི་ཚོགས་དྲུག་འཁོར་བཅས་བཀག་པའི་གནས་སྐབས་ལ་བཏགས་པའི་འདུ་བྱེད་དོ། །མཛོད་ཀྱི་ལུགས་ལ། འདུ་ཤེས་མེད་པའི་ལྷའི་རྒྱུད་ཀྱི་ཚོགས་དྲུག་འཁོར་བཅས་བཀག་པའི་གནས་སྐབས་ཀྱི་རྫས་སོ་ཞེས་ཀུན་མཁྱེན་གོ་རམས་པའི་ཇི་སྙེད་ཤེས་བྱའི་སྒོ་འབྱེད་ལས་སོ། །མཚན་ཉིད་འདུ་ཤེས་མེད་པའི་སྙོམས་འཇུག་གི་འབྲས་བུ་གང་ཞེ་ན། ལྷ་ཚེ་རིང་པོའི་རྒྱུད་ལ་མཚུངས་ལྡན་འགོག་པའོ། །འདུ་ཤེས་མེད་པ་བ་ནི་འདུ་ཤེས་མེད་པའི་ལྷར་སྐྱེས་པ་ལ་སེམས་དང་སེམས་བྱུང་མ་འོངས་པ་རྣམས་འགོག་པའོ། །དུས་ནི་བསྐལ་པ་ཆེན་པོ་ལྔ་བརྒྱའི་བར་དུ་ཡིན་ལ། འོན་ཀྱང་མཐའ་གཅིག་ཏུ་དེ་ལྟར་མ་ངེས་ཏེ། བྱང་སྒྲ་མི་སྙན་ལས་གཞན་ལ་བར་མ་དོར་འཆི་བ་ཡོད་པར་གསུངས་པའི་ཕྱིར་དང། འབྲས་བུ་གསུམ་ལས་ནི་འདུ་ཤེས་མེད་པའི་སྙོམས་འཇུག་གི་རྣམ་སྨིན་འབྲས་བུ་ཡིན་གྱི་དེ་རྫས་ཐ་དད་པའི་རྒྱུ་མཐུན་ཡང་མེད་ལ། གཟུགས་ཅན་མ་ཡིན་པས་རྒྱས་བྱུང་ཡང་མ་ཡིན་ནོ། །ལྷ་དེ་དག་ཀྱང་འབྲས་བུ་ཆེ་བའི་ཕྱོགས་གཅིག་ན་གནས་པས་དེ་ལས་གནས་རིས་གཞན་མ་ཡིན་ནོ། །མཚན་གཞི་ནི་རྣམ་སྨིན་དེ་ཉིད་དོ། །སློབ་དཔོན་ནི་རྣལ་འབྱོར་སྤྱོད་པའི་ལུགས་བཞེད་དེ། དེ་ནི་འདུ་ཤེས་མེད་པ་བའི་ལྷ་དག་ལ་སེམས་ཀྱི་རྒྱུན་འཇུག་པ་དང་འགལ་བའི་སེམས་འབྱུང་བས། དེས་རྣམ་ཤེས་ཚོགས་བརྒྱད་ལས་ཚོགས་དྲུག་འཁོར་བཅས་བཀག་པ་ཙམ་སྟེ་འགྲེལ་པར། འདིས་དེར་སེམས་ཁོ་ན་སེམས་འཇུག་པ་དང་འགལ་བ་འཐོབ་སྟེ། མི་འཇུག་པ་ཙམ་དེ་ཡང་འདུ་ཤེས་མེད་པ་བར་གདགས་སོ་ཞེས་སོ། །དེའི་ཕྱིར་དེ་རྫས་སུ་མེད་པར་བཞེད་དོ་ཞེས་མཆིམས་བློ་བཟང་གྲགས་ཀྱི་ཆོས་མངོན་པ་གསལ་བྱེད་ལེགས་པར་བཤད་པའི་རྒྱ་མཚོ་ལས་སོ། །རང་གང་ལ་ལྡན་པའི་གང་ཟག་འདུ་ཤེས་མེད་པའི་ལྷར་སྐྱེས་པའི་རྟེན་ལ་མ་འོངས་པའི་སེམས་སེམས་བྱུང་རྣམས་སྐྱེ་བར་མི་སྟེར་བར་འགོག་པའི་རྫས་དེ་འདིར་བསྟན་འདུ་ཤེས་མེད་པའི་མཚན་ཉིད་ཡིན། འདི་དང་འདུ་ཤེས་མེད་པའི་སྙོམས་འཇུག་གཉིས་ནི་མི་གཅིག་སྟེ། སྙོམས་འཇུག་དེ་ནི་འདིའི་རྣམ་སྨིན་གྱི་རྒྱུ་དང། འདི་ནི་སྙོམས་འཇུག་དེའི་རྣམ་སྨིན་གྱི་འབྲས་བུ་ཡིན་པའི་ཕྱིར། འདུ་ཤེས་མེད་པ་བ་གང་ལ་ལྡན་པའི་ལྷ་ནི་བསམ་གཏན་བཞི་པ་བའི་ནང་ཚན་འབྲས་བུ་ཆེ་བའི་ཕྱོགས་གཅིག་ལ་གནས་པར་བཞེད་དོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། ། |
| Domain | ཆོས་ལུགས། |