65619
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། མི་ལྡན་འདུ་བྱེད་བཅུ་བཞིའི་ནང་གསེས་ཤིག། འདུ་ཤེས་མེད་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བ་དག་གི་སེམས་དང་སེམས་ལས་བྱུང་བ་རྣམས་འགོག་པ་གང་ཡིན་པ་དེ་ནི་འདུ་ཤེས་མེད་པ་པ་ཞེས་བྱ་བའི་རྫས་ཏེ། གང་གིས་མ་འོངས་པའི་དུས་ཀྱི་སེམས་དང་སེམས་ལས་བྱུང་བ་རྣམས་དུས་གཞན་གྱི་བར་དུ་ཀླུང་གི་ཆུ་འགོག་པ་བཞིན་དུ་འགོག་ཅིང་སྐྱེར་མི་སྟེར་བས་སོ། །འདི་ནི་འབྲས་བུ་བཞི་ལས་འདུ་ཤེས་མེད་སྙོམས་འཇུག་གི་རྣམ་སྨིན་འབྲས་བུ་ཡིན་གྱི་དེ་ལས་རྫས་ཐ་དད་པའི་རྒྱུ་མཐུན་ཡང་མེད་ལ། གཟུགས་ཅན་མ་ཡིན་པས་རྒྱས་བྱུང་ཡང་མ་ཡིན་ནོ། །འདུ་ཤེས་མེད་པ་པ་དེ་དང་ལྡན་པའི་སེམས་ཅན་དེ་དག་ཡང་འབྲས་བུ་ཆེ་བའི་ཕྱོགས་གཅིག་ན་ཡོད་དེ། དེའི་ཕྱིར་ན་བསམ་གཏན་བཞི་པའི་ལྷ་ཡིན་པས་གནས་གཞན་ན་མེད་པ་ཡིན་ནོ། །ལྷ་དེ་དག་ལ་སེམས་དང་སེམས་ལས་བྱུང་རྣམས་སྐྱེ་བ་དང་འཆི་བ་ན་འབྱུང་བར་འགྱུར་ཏེ། མདོ་ལས། སེམས་ཅན་དེ་དག་དུས་རིང་མོ་ཞིག་ཏུ་འདུག་འདུག་སྟེ་འདུ་ཤེས་སྐྱེས་ནས་འཆི་འཕོ་བར་འགྱུར་རོ་ཞེས་གསུངས་པས་སོ། །ལྷ་དེ་དག་ཤི་འཕོས་ནས་ཀྱང་སྔོན་གྱི་སྙོམས་འཇུག་གི་འདུ་བྱེད་ཡོངས་སུ་ཟད་པའི་ཕྱིར་དང་སེམས་མེད་པས་སྔོན་མེད་པ་མ་བསགས་པའི་ཕྱིར་མདའ་འཕངས་པའི་ཤུགས་ཟད་པ་དག་ས་ལ་ལྷུང་བ་བཞིན་དུ་གདོན་མི་ཟ་བར་འདོད་པའི་ཁམས་སུ་སྐྱེ་བར་འགྱུར་ཏེ་གཞན་དུ་མ་ཡིན་ནོ། །འདོད་ཁམས་དེར་སྐྱེ་བ་ནི་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཡོད་པའི་ཕྱིར་ཏེ། བྱང་སྒྲ་མི་སྙན་པ་ཕྱི་མ་ལ་ངེས་པར་འདོད་ལྷར་སྐྱེ་བ་བཞིན་ནོ། །དེ་ལྟར་ན་སྙོམས་འཇུག་ལྟར་སེམས་སྐྱེ་བ་ལ་གེགས་བྱེད་པའི་ཕྱིར་རྫས་སུ་ཡོད་དོ། །ཞེས་བྱེ་བྲག་ཏུ་སྨྲ་བ་འདོད་དོ། ། མདོ་སྡེ་པས་ལས་ཀྱི་འཕེན་པས་ལྷ་དེའི་ལུས་ལ་བསྐལ་པ་ཆེན་པོ་ལྔ་བརྒྱར་མཚུངས་ལྡན་ཐམས་ཅད་འགོག་པར་འདོད་ལ། རྣལ་འབྱོར་སྤྱོད་པ་པས། ཀུན་ལས་བཏུས་ལས། འདུ་ཤེས་མེད་པ་པ་གང་ཞེ་ན། སེམས་ཅན་འདུ་ཤེས་མེད་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེས་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་བརྟན་པ་མ་ཡིན་པ་རྣམས་འགོག་པ་ལ་འདུ་ཤེས་མེད་པ་པ་ཞེས་གདགས་སོ་ཞེས་འབྱུང་བས་ཀུན་གཞི་དང་ཉོན་ཡིད་ལ་ཚོགས་དྲུག་འཁོར་བཅས་འགོག་པར་འདོད་དོ། །དེས་ན་གཉིས་ཀ་ལྟར་ནའང་སེམས་ལ་མཚུངས་ལྡན་བཀག་པའི་ཕྱིར་བཏགས་པ་པ་ཡིན་གྱི་རྫས་སུ་ནི་མེད་དོ་ཞེས་བྱ་བ་ཡིན་ནོ། ། |
| Domain | ཆོས་ལུགས། |