65622

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདུ་ཤེས་མེད་པའི་སྙོམས་འཇུག་ (1)
Part of speech མིང་ཚིག
Definition མདོ། མངོན་པ། རང་གི་དགག་བྱ་སེམས་སེམས་བྱུང་བཀག་པའི་བསམ་གཏན་བཞི་པའི་སས་བསྡུས་ཀྱི་སྙོམས་འཇུག་དེ་འདུ་ཤེས་མེད་པའི་སྙོམས་འཇུག་གི་མཚན་ཉིད། འདིའི་ཁྱད་ཆོས་ནི་བསམ་གཏན་ཐ་མ་སྟེ། བཞི་པའི་སས་བསྡུས་ཡིན་ཞིང། སྙོམས་པར་འཇུག་པ་ན་ངེས་པར་འབྱུང་བ་ཐར་པ་འདོད་པའི་ཡིད་བྱེད་ཀྱིས་འཇུག་པ་ཡིན་ཏེ། འདུ་ཤེས་མེད་པ་པ་ལ་ཐར་པ་དང། དེའི་སྙོམས་འཇུག་ལ་ཐར་ལམ་དུ་འདུ་ཤེས་པས་འཇུག་པའི་ཕྱིར། ལུང་བསྟན་དང་ལུང་མ་བསྟན་གཉིས་ཀྱི་ནང་ནས་ལུང་བསྟན་ཁོ་ན་དང། དགེ་མི་དགེ་གཉིས་ཀྱི་ནང་ནས་དགེ་བ་ཁོ་ན་དང། འབྲས་བུ་མྱོང་འགྱུར་གསུམ་གྱི་ནང་ནས་སྐྱེས་ནས་མྱོང་འགྱུར་ཉིད་ཡིན་ཏེ། ཕྱི་མ་རྣམ་པར་སྨིན་པ་འབྲས་བུ་འདུ་ཤེས་མེད་པའི་ལྷར་ངེས་པར་སྐྱེ་བའི་ཕྱིར། འདུ་ཤེས་མེད་པའི་སྙོམས་འཇུག་དང་འགོག་པའི་སྙོམས་འཇུག་དེ་གཉིས་ཀ་འདོད་པ་དང། གཟུགས་ཀྱི་རྟེན་ཅན་ཡིན་གྱི། གཟུགས་མེད་ཀྱི་རྟེན་ཅན་མིན་ནོ། །འགོག་པ་དང་པོར་བསྐྱེད་པ་ནི་མིའི་ནང་དུ་བསྐྱེད་དེ། མི་ནི་བློ་གསལ་བས་དེའི་རྟེན་ལ་དང་པོར་བསྐྱེད་པ་ཡིན། ཕྱིས་ནི་གཟུགས་ཁམས་སུ་ཡང་བསྐྱེད་དོ། །འདུ་ཤེས་མེད་པའི་སྙོམས་འཇུག་ནི་སྐྱེ་སླ་བས་འདོད་ཁམས་གཟུགས་ཁམས་གཉིས་ཆར་ན་དང་པོར་བསྐྱེད་པ་ཡོད་དོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། ། འཁོར་བ་ལས་ངེས་པར་འབྱུང་བའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པའི་བསམ་གཏན་གསུམ་པ་ལ་འདོད་ཆགས་དང་བྲལ་ལ་བཞི་པ་ལ་འདོད་ཆགས་དང་མ་བྲལ་བའི་ཚོགས་དྲུག་འཁོར་བཅས་བཀག་པའི་གནས་སྐབས་ཀྱི་རྫས་ཡོད། ཅེས་དང་། ཀུན་བཏུས་ལུགས་ལ། འཁོར་བ་ལས་ངེས་པར་འབྱུང་བའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པའི་བསམ་གཏན་གསུམ་པ་ལ་འདོད་ཆགས་དང་བྲལ་ལ་བཞི་པ་ལ་འདོད་ཆགས་དང་མ་བྲལ་བའི་ཚོགས་དྲུག་འཁོར་བཅས་བཀག་པའི་གནས་སྐབས་ལ་བཏགས་པའི་འདུ་བྱེད་དོ་ཞེས་ཀུན་མཁྱེན་གོ་རམས་པའིི་ཇི་སྙེད་ཤེས་བྱའི་སྒོ་འབྱེད་ལས་སོ། །
Domain ཆོས་ལུགས།
འདུ་ཤེས་མེད་པའི་སྙོམས་འཇུག་ (2)
Part of speech མིང་ཚིག
Definition རང་རྒྱུད་ལྡན་གྱི་གང་ཟག་གི་རྒྱུད་ལ་སེམས་སེམས་བྱུང་རེ་ཤིག་སྐྱེ་བ་འགོག་པར་བྱེད་པའི་རབ་ཏུ་ཕྱེ་བའི་རྫས་ཡོད་ཀྱང་ཡིན། སོ་སོ་སྐྱེ་བོའི་རྒྱུད་ཀྱིས་བསྡུས་པ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་སེམས་མེད་ཀྱི་སྙོམས་འཇུག་ཏུ་དམིགས་པ། འདུ་ཤེས་མེད་པའི་སྙོམས་འཇུག་གི་མཚན་ཉིད། འདུ་ཤེས་མེད་པའི་སྙོམས་འཇུག་ཆོས་ཅན། ཁྱད་པར་བདུན་དང་ལྡན་ཏེ། དགག་བྱ་འགོག་ཚུལ་གྱི་ཁྱད་པར་རང་རྒྱུད་ལྡན་གྱི་གང་ཟག་གི་རྒྱུད་ལ་རེ་ཤིག་སེམས་སེམས་བྱུང་སྐྱེ་བ་འགོག་པ། སའི་ཁྱད་པར་བསམ་གཏན་བཞི་པའི་སས་བསྡུས་པ། ཀུན་སློང་གི་ཁྱད་པར་འཁོར་བ་ལས་ངེས་པར་འབྱུང་འདོད་ཀྱིས་སྙོམས་པར་འཇུག་པ། ངོ་བོའི་ཁྱད་པར་དགེ་བ་ཡིན་པ། མྱོང་འགྱུར་གྱི་ཁྱད་པར་སྐྱེ་ནས་མྱོང་འགྱུར་ཁོ་ན་ཡིན་པ། རྟེན་གྱི་ཁྱད་པར་སོ་སོ་སྐྱེ་བོ་ཁོ་ནའི་རྒྱུད་ལ་ཡོད་པ། ཐོབ་ཚུལ་གྱི་ཁྱད་པར་རང་གི་ཐོབ་པ་རང་དང་ལྷན་ཅིག་ཁོ་ནར་སྐྱེ་བའི་ཁྱད་པར་རྣམས་དང་ལྡན་པའི་ཕྱིར།