65798

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདུལ་བ་ལུང་རིགས་ཉི་མའི་མཇུག་བྱང་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། འདུལ་བ་ལུང་རིགས་ཉི་མའི་མཇུག་གི་ཐུགས་བསྐྱེད་བསྔོ་སྨོན་ནི། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། སྨྲས་པ། མཚན་དཔེའི་དཔལ་འབར་ཐུབ་དབང་མགུར་ནས་མཆོག་ཏུ་བཀའ་སྩལ་ཉེ་བར་འཁོར་གྱིས་གདུལ་བྱའི་དོན་དུ་བསྡུས་གྱུར་པ། །འབུམ་ཕྲག་འདུལ་བའི་ལུང་ཚིག་མདོར་བསྡུས་བམ་པོ་དགུ་ཡི་བདག་ཉིད་ཅན་གང་ས་གསུམ་བརྙེས་པས་མཛད་གྱུར་ཅིང་། །མདོ་ཡི་རྣམ་འགྲེལ་འགྲེལ་པ་དྲུག་ལས་སར་ཚོགས་དབུས་ན་མཚན་མོའི་མགོན་བཞིན་ཟླ་མེད་རྒྱ་ཆེར་འགྲེལ་པ་འདི། །ཐོད་ཀར་བྱེ་སྨྲའི་འདུལ་བ་འཛིན་པ་ཆོས་ཀྱི་བཤེས་གཉེན་ཆོས་ཀྱི་རྗེ་བོ་མཁས་པའི་དབང་པོས་བཀའ་དྲིན་སྩལ། །ཅོག་རོ་ལཽ་ཙྪ་ཀླུ་ཡི་རྒྱལ་མཚན་དེད་དཔོན་མཆོག་གི་རྣམ་དཔྱོད་གྲུ་ཆེན་བརྩོན་པའི་རླུང་གིས་རབ་བསྐྱོད་དེ། །འཕགས་ཡུལ་རྒྱ་མཚོའི་ཀློང་འཁོར་ནང་ནས་རྩ་འགྲེལ་ནོར་བུ་མྱུར་དུ་བླངས་ཏེ་བོད་ཁམས་དཔལ་དུ་བྱིན་པ་ན། །བློ་གྲོས་རྒྱལ་མཚན་རྩེ་མོར་བཀོད་ནས་འཆད་རྩོད་རྩོམ་པའི་བྱི་དོར་བགྱིས་ཏེ་འགྲོ་ལ་དགེ་ལེགས་ཆར་འབེབས་པ། །ཀླུ་མེས་གྲུ་མེར་སྐྱོགས་ནས་བཟུང་སྟེ་རྒྱ་འདུལ་ཤ་མི་ལ་སོགས་སྔོན་དུས་འཆད་པོ་བགྲང་ཡས་བྱོན། །སླར་ཡང་དགྲ་བཅོམ་ཉེ་བར་འཁོར་བཞིན་འདུལ་བ་སྨྲ་བ་མཚོ་སྣ་པ་དང་བུ་སྟོན་དམར་སྟོན་ཁུ་དབོན་པ། །འདུལ་བ་འཛིན་ཞེས་སྙན་གྲགས་རྒྱལ་མཚན་མཐོན་པར་སྒྲེངས་དང་པཎ་ཆེན་དགེ་འདུན་གྲུབ་པ་ལ་སོགས་མཁས་རྣམས་ལས། །ཕྱི་མ་གཉིས་ཀྱི་གསུང་རབ་ལེགས་བཤད་ཉིད་ལ་བརྟེན་ནས་མདོ་ཡི་དཀའ་འགྲེལ་ལུང་རིགས་རྒྱན་གྱིས་བརྒྱན་པ་འདི། །སྔོན་ཆད་བསོད་ནམས་ཆོས་སུ་བསགས་པས་དགེ་སློང་འདུལ་བ་འཛིན་པར་རབ་གྲགས་རྣམ་དཔྱོད་མཆོག་གི་སྡེ་དེས་སྦྱར། །གཞན་དང་མི་མཉམ་ཤེས་རབ་བརྩོན་འགྲུས་ཀྱིས། །མདོ་དང་འགྲེལ་པའི་དགོངས་པ་བཙལ་བ་ལས། །འདི་ལྟའི་ལེགས་བཤད་འབྱུང་གི་ཅི་དགར་ནི། །མཁས་རློམ་ལྕེ་རྩེ་རྒྱུད་ལས་དེ་ལྟ་མིན། །གཞུང་དང་ཊཱིཀྐའི་བརྗོད་བྱ་པདྨོའི་ཚལ། །ལུང་རིགས་ཉི་མའི་འོད་ཀྱིས་གསལ་བ་ལས། །བྱུང་བའི་རྣམ་དཀར་དགེ་ཚོགས་ཅི་མཆིས་པ། །ཀུན་ཀྱང་འགྲོ་འདིས་བྱང་ཆུབ་ཐོབ་ཕྱིར་བསྔོ། །རྣམ་དཔྱོད་ཆུ་མཚོ་ལས་འོངས་བསྟན་བཅོས་ཀྱི། །ཆུ་འཛིན་སྤེལ་ལེགས་གློག་གིས་འཁྱུད་པ་ལས། །ལེགས་བཤད་འབྲུག་སྒྲ་ཅིར་ཡང་བསྒྲགས་པ་འདིས། །ཐུབ་བསྟན་དཔྱིད་ཀྱི་པད་མོ་རྒྱས་གྱུར་ཅིག ། བདག་ཀྱང་ཚེ་རབས་ཀུན་ཏུ་སངས་རྒྱས་ཀྱི། །བསྟན་པ་ཡིད་བཞིན་ནོར་བུ་འབར་བ་ལ། །འཆད་རྩོད་རྩོམ་པའི་བྱི་དོར་བགྱི་བ་ཡི། །འཕྲིན་ལས་རྒྱུན་མི་འཆད་པ་ཉིད་གྱུར་ཅིག ། ཅེས་གསུངས།
Domain ཆོས་ལུགས།