From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གཉིས་སུ་མེད་པའི་སྐད་ཅིག་སྦྱོར་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཕར་ཕྱིན། ཡུལ་གཟུང་བ་དང་ཡུལ་ཅན་འཛིན་པ་གཉིས་ལ་རྒྱང་ཆད་ལྟ་བུར་སྣང་བའི་སྣང་བ་ནུབ་ནས་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེེས་ལ་དབང་ཐོབ་པའི་བྱང་སེམས་རྒྱུན་མཐའི་སྦྱོར་བ་ཞིག་ལ་འཇོག མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་སྨད་ཆ་ལས། གཟུང་འཛིན་རྫས་གཞན་གྱིས་སྟོང་པར་མངོན་སུམ་དུ་རྟོགས་པའི་ནུས་པ་ཐོབ་པའི་སྒོ་ནས་ཤེས་སྒྲིབ་ཀྱི་དངོས་གཉེན་དུ་གྱུར་པའི་སེམས་དཔའི་རྣལ་འབྱོར་དེ། གཉིས་སུ་མེད་པའི་སྐད་ཅིག་མའི་སྦྱོར་བའི་མཚན་ཉིད། ཅེས་གསུངས།
|
| Domain
|
ཆོས་ལུགས།
|
གཉིས་སུ་མེད་པའི་སྐད་ཅིག་སྦྱོར་ (2)
| Part of speech
|
མིང་ཚིག
|
| Definition
|
མཚན་ཉིད་ནི། ཆོས་ཐམས་ཅད་གཟུང་འཛིན་གཉིས་སུ་མེད་པར་མངོན་སུམ་དུ་རྟོགས་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་གོ །སྐད་ཅིག་མའི་སྦྱོར་བ་བཞིའི་ས་མཚམས་ནི། རྒྱུན་མཐའི་ཡེ་ཤེས་གཅིག་ལ་ཡོན་ཏན་མངོན་དུ་བྱེད་ཚུལ་གྱི་སྒོ་ནས་དང་པོ་གཉིས་དང། ཆོས་ཉིད་རྟོགས་ཚུལ་གྱི་སྒོ་ནས་ཕྱི་མ་གཉིས་ཕྱེ་བ་ཡིན་པས་བཞི་ཀ་ཡང་རྒྱུན་མཐའ་ཁོ་ནར་ཡོད་དོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། །རྟོགས་ཚུལ་གྱི་སྒོ་ནས་དབྱེ་བའི་གཉིས་སུ་མེད་པའི་སྐད་ཅིག་མའི་སྦྱོར་བ་ནི། ཡེ་ཤེས་སྐད་ཅིག་མ་གཅིག་གིས་འཁོར་འདས་ཀྱི་ཆོས་རྣམས་གཟུང་འཛིན་གཉིས་སུ་མེད་པར་རྟོགས་པའོ། །ཡུལ་ཅན་ཡེ་ཤེས་སྐད་ཅིག་མ་གཅིག་ཁོ་ནའི་རྟོགས་ཞེས་བྱའོ་ཞེས་ཀུན་མཁྱེན་རོང་སྟོོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། །རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས། བློ་སྐད་ཅིག་མ་གཅིག་གིས་དུས་སྐད་ཅིག་མ་གཅིག་ལ་ཆོས་ཐམས་ཅད་གཟུང་འཛིན་གཉིས་མེད་དུ་ཤེས་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་དེ། གཉིས་སུ་མེད་པའི་སྐད་ཅིག་མའི་སྦྱོར་བའི་མཚན་ཉིད་དོ་ཞེས་པཎ་ཆེན་ཤཱཀ་མཆོག་གིས་གསུངས་སོ། །
|