66219

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདོད་པར་ཚེ་ཡོངས་གྱུར་གྱི་ཕྱིར་མི་འོང་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། འདོད་པའི་རྟེན་ལ་འཕགས་ལམ་བརྒྱུད་མར་བརྟེན་ནས་མྱང་འདས་མངོན་དུ་བྱེད་པའི་འཕགས་པའི་གང་ཟག་ཞིག་ལ་ཟེར། མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། འདོད་པར་འཕགས་ལམ་སྐྱེ་བ་བརྒྱུད་མར་བརྟེན་ནས་ཕྱིར་མི་འོང་ཐོབ་པའི་ཐ་མའི་ཆ་མཐུན་ལྔ་སྤངས་པས་རབ་ཏུ་ཕྱེ་བའི་རིགས་སུ་གནས་པའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པའི་གང་ཟག འདོད་པར་ཚེ་ཡོངས་གྱུར་གྱི་མཚན་ཉིད། དཔེར་ན་རྒྱུན་ཞུགས་སྲིད་པ་ལན་བདུན་པ་བའི་རྟོགས་པ་སྔོན་དུ་སོང་བའི་ཕྱིར་མི་འོང་དང། རྒྱུན་ཞུགས་རིགས་ནས་རིགས་སྐྱེ་བའི་རྟོགས་པ་སྔོན་དུ་སོང་བའི་ཕྱིར་མི་འོང་ལྟ་བུ། འོ་ན་འདོད་པར་ཚེ་ཡོངས་སུ་གྱུར་པའི་ཕྱིར་མི་འོང་དང་ཕྱིར་མི་འོང་མཐོང་ཆོས་ཞི་ལ་ཁྱད་པར་ཅི་ཡོད་ཅེ་ན། ཡོད་དེ། དང་པོས་ཕྱིར་མི་འོང་ཐོབ་པའི་ཚེ་དེ་ལ་མྱང་འདས་མངོན་དུ་བྱེད་ལ། ཕྱི་མས་ནི་མཐོང་ལམ་ཐོབ་པའི་ཚེ་དེ་ལ་མྱང་འདས་མངོན་དུ་བྱེད་པའི་ཕྱིར། འདོད་པར་ཚེ་ཡོངས་གྱུར་གྱི་ཕྱིར་མི་འོང་ཡིན་ན་ཁམས་གོང་དུ་སྐྱེ་བ་མི་ལེན་པ་ཞིག་དགོས་ཏེ། མཛོད་ལས། འདོད་པར་ཚེ་ཡོངས་གྱུར་པའི་འཕགས། །ཁམས་གཞན་དུ་ནི་འགྲོ་བ་མེད། །ཅེས་གསུངས། གཟུགས་སུ་ཚེ་ཡོངས་གྱུར་གྱི་ཕྱིར་མི་འོང་གཟུགས་མེད་དུ་སྐྱེ་བ་མི་ལེན་པས་མ་ཁྱབ་སྟེ། སྲིད་རྩེའི་མཐར་ཐུག་འགྲོ་བའི་ཕྱིར་མི་འོང་གོང་འཕོ་གཟུགས་མེད་དུ་སྐྱེ་བ་ལེན་པའི་ཕྱིར་ཏེ། མཛོད་འགྲེལ་ལས། གཟུགས་ཀྱི་ཁམས་སུ་ཚེ་ཡོངས་སུ་གྱུར་པ་ནི་གལ་ཏེ་ན་གཟུགས་མེད་པའི་ཁམས་དག་ཏུའང་འཇུག་སྟེ། གོང་དུ་འཕོ་བ་སྲིད་པའི་རྩེ་མོར་མཐར་ཐུག་པ་གང་ཡིན་པའོ། །ཞེས་གསུངས།
Domain ཆོས་ལུགས།