66253

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདོད་ཡོན་ལྔའི་མཆོད་པ་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་རྒྱུད། འདོད་ཡོན་ལྔའི་མཆོད་པའི་དོན་ནི་འཇམ་དཔལ་ཡོན་ཏན་འབྱུང་བའི་དཀྱིལ་ཆོག་ལས་བཤད། ཁ་དོག་དང་དབྱིབས་ཀྱིས་བསྡུས་པའི་གཟུགས་མཛེས་པ་ཡིད་དུ་འོང་བ་རྒྱན་ཕྲེང་མཐའ་ཡས་པས་ལྟ་བས་ཆོག་མི་ཤེས་པ་དང་ལྡན་པ། ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ཐམས་ཅད་དང་། འདས་མ་འོངས་ད་ལྟ་སྟེ་ཕྱོགས་ཐམས་ཅད་ན་གཟུགས་མཆོག་ཏུ་གྱུར་པ་ཅི་མཆིས་པ་རྣམས་ཏེ་མ་ལུས་ཤིང་ལུས་པ་མེད་པ་དངོས་སུ་བཤམས་པ་དང་ཡིད་ཀྱིས་སྤྲུལ་པ་མོས་པ་ཆེན་པོའི་བློས་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཏེ་མཆོད་པའི་གནས་སུ་གྱུར་པ་རྣམས་ལ་བདག་གིས་འབུལ་བར་བགྱིའོ། །ཐུགས་བརྩེ་བ་ཆེན་པོས་བཞེས་ནས་བདག་སོགས་སེམས་ཅན་རྣམས་ལ་དངོས་གྲུབ་ཀྱི་མཆོག་སྩལ་དུ་གསོལ་ཅེས་པའོ། །སྔགས་དོན་རཱུ་པ་གཟུགས། ཀཱ་མ་འདོད་པའི། གུ་ན་ཡོན་ཏན། པཱུ་ཛི་ཏེ་མཆོད་པར་འབུལ། ཧཱུྃ་སྡུད་པའམ་གཞི་ཚུགས་ཞེས་སོ། །ཕྱག་རྒྱ་ནི་པད་ཀོར་སྔོན་དུ་འགྲོ་བའི་མཛོད་རྒྱའོ། །སྒྲ་དྲི་རོ་རེག་བྱ་རྣམས་ཀྱི་ཚིག་ཐོག་མཐའ་འདྲ་བ་ལ། ཟིན་པ་རྩོལ་བ་ལས་བྱུང་བ་རྔ་སྒྲ་ལྟ་བུ་དང་། མ་ཟིན་པ་ཆུ་སོགས་འབྱུང་བའི་སྒྲ་སྟེ། དེ་རྣམས་ཀྱི་ཡོན་ཏན་གྱི་ཚིག་མཆོག་ཏུ་གྱུར་པ་བདེ་བར་གཤེགས་པའི་བསྟོད་ཚིག་དུ་མ་དང་། སྒྲ་སྙན་པ་ཡིད་དུ་འོང་བ་ཅི་མཆིས་པ་རྣམས་ཀྱིས་མཆོད་པའོ། །ཤབྡ་སྒྲ། དྲི་ནི་རྒྱ་གར་ན་ཙནྡན་གོརྴི་ཥ་ཡིན་པའི་རྟགས་ལ་སྦྲུལ་གྱིས་དཀྲི་བར་སྣང་བས་སྦྲུལ་སྙིང་ཞེས་བྱའོ། །ཨ་ཀ་རུ་ནག་པོ་སོགས་ལྷན་སྐྱེས་ཀྱི་དྲི་དང་། ཛཱ་ཏི་ག་བུར་སོགས་དུ་མ་ཚོགས་པ་ལས་བྱུང་བ་སྦྱར་བའི་དྲི་བཟང་པོ་དབང་པོ་ཚིམ་པར་བྱེད་པའི་དྲི་རྣམས་སོ། །སྔགས་དོན་དང་ཕྱག་རྒྱ་འདྲ། རོ་ལ་དྲུག་ཡོད་ཀྱང་རོ་ཕུན་སུམ་ཚོགས་པ་དང་བཅུད་ཕུན་སུམ་ཚོགས་པ་དང་ལྡན་པའི་དོན་དེའི་བྱེད་ལས་ཀྱིས་ལུས་སེམས་བརྟས་པར་བྱེད་པའི་རོ་མཆོག་ཅི་མཆིས་པ་རྣམས་སོ། །ར་ས་རོའོ། །ཕྱག་རྒྱ་ཞལ་ཟས་དང་འདྲ། རེག་བྱ་ལ་བཅུ་གཅིག་ཡོད་ཀྱང་རས་ཀ་ཤི་ཀ་ལྟར་འཇམ་པ་དང་། གོས་སྙིང་རྒྱ་མཚོའི་གཉེར་མ་ལྟར་མཉེན་པ། ལུས་ལ་འཁྲི་ཞིང་ཆགས་པ། བྱེད་ལས་ནི་རེག་བྱའི་ཁྱད་པར་གྱིས་ལུས་སེམས་ཚིམ་པར་བྱེད་པ་རྣམས་སོ། །སྤརྴ་རེག་བྱའོ། །ན་བཟའ་གཡོགས་པའི་ཕྱག་རྒྱའོ་ཞེས་ཤར་བླ་མའི་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། །
Domain ཆོས་ལུགས།