From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གཉེན་པོ་ལྡེམ་དགོངས་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། སངས་རྒྱས་དང་ཆོས་ལ་སོགས་པ་ཐར་པ་ཐོབ་པའི་ཐབས་གང་ཞིག་ལ་བརྙས་པ་ན་དེའི་གཉེན་པོར་འཁྱོག་པོའི་ངག་གིས་སྟོན་པའི་དྲང་དོན་གྱི་མདོ་ཞིག་ལ་འཇོག་པ་ཡིན་ནོ། །དེ་ལ་དབྱེ་ན་བརྒྱད་ཡོད་དེ། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། གཉེན་པོ་ལ་ལྡེམ་པོར་དགོངས་པ་ལ་བརྒྱད་ཡོད་དེ། མདོ་སྡེ་རྒྱན་ལས། སངས་རྒྱས་ཆོས་ལ་བརྙས་པ་དང། །ལེ་ལོ་ཅུང་ཟད་ཆོག་འཛིན་དང། །ང་རྒྱལ་འདོད་ཆགས་སྤྱོད་པ་དང། །འགྱོད་དང་མ་ངེས་ལྡོག་པ་ནི། །སེམས་ཅན་རྣམས་ཀྱི་སྒྲིབ་པ་སྟེ། །དེ་ཡི་གཉེན་པོར་ཐེག་མཆོག་གསུམ། །ཞེས་གསུངས། དེ་ཡང་སངས་རྒྱས་ལ་བརྙས་པའི་གཉེན་པོར་གསུངས་པ་ནི། མཉམ་པ་ཉིད་ཀྱི་མདོ་ལྟ་བུ། ཆོས་ལ་བརྙས་པའི་གཉེན་པོར་གསུངས་པ་ནི། གྲངས་མེད་པའི་སངས་རྒྱས་ལ་བསྙེན་བཀུར་བྱས་ན་གཟོད་ཐེག་ཆེན་གྱི་ཆོས་ཐོབ་པར་འགྱུར་རོ་ཞེས་པའི་མདོ་ལྟ་བུ། ལེ་ལོའི་ཉེས་པའི་གཉེན་པོར་གསུངས་པ་ནི། དུས་གཞན་ལ་དགོངས་པའི་མདོ་ལྟ་བུ། ཅུང་ཟད་ཆོག་འཛིན་གྱི་གཉེན་པོར་གསུངས་པ་ནི། གང་ཟག་གི་བསམ་པ་ལ་དགོངས་པའི་མདོ་ལྟ་བུ། ང་རྒྱལ་ལྷག་པར་སྤྱོད་པའི་ཉེས་པའི་གཉེན་པོར་གསུངས་པ་ནི། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་སྒྲོ་བཏགས་ནས་བརྗོད་པའི་མདོ་ལྟ་བུ། འདོད་ཆགས་ལྷག་པར་སྤྱོད་པའི་ཉེས་པའི་གཉེན་པོར་གསུངས་པ་ནི། སངས་རྒྱས་ཀྱི་སྐུའི་ཡོན་ཏན་སྒྲོ་བཏགས་ནས་གསུངས་པའི་མདོ་ལྟ་བུ། འགྱོད་པའི་ཉེས་པའི་གཉེན་པོར་གསུངས་པ་ནི། མ་སྐྱེས་དགྲའི་འགྱོད་པ་བསལ་བའི་མདོ་ལྟ་བུ། རིགས་མ་ངེས་པ་ལྡོག་པའི་ཉེས་པའི་གཉེན་པོར་གསུངས་པ་ནི། མཐར་ཐུག་ཐེག་པ་གསུམ་སྟོན་པའི་མདོ་ལྟ་བུའོ། །ཞེས་གསུངས།
|
| Domain
|
ཆོས་ལུགས།
|
གཉེན་པོ་ལྡེམ་དགོངས་ (2)
| Part of speech
|
མིང་ཚིག
|
| Definition
|
གཉེན་པོ་ལ་ལྡེམ་དགོངས་ནི། དགོངས་པ་ཅན་བཞི་ལ་བཟུང་བར་བྱ་སྟེ། སངས་རྒྱས་ལ་བརྙས་པ་ལ་སོགས་པའི་གཉེན་པོར་དགོངས་ཏེ་གསུངས་པའི་ཕྱིར་རོ། །དགོངས་པ་ཅན་ལ་བཞི་ལས་མཉམ་པ་ཉིད་ལ་དགོངས་པ་ནི། སངས་རྒྱས་ལ་བརྙས་པའི་གཉེན་པོར་མཉམ་པ་ཉིད་གསུམ་ལ་དགོངས་ནས་དེ་ཉིད་སངས་རྒྱས་རྣམ་གཟིགས་སོ་ཞེས་པ་ལྟ་བུའོ། །གསུམ་པོ་ནི་རྒྱུ་ཚོགས་གཉིས་རྫོགས་པ་དང་། འབྲས་བུ་ཆོས་སྐུ་ཐོབ་པ་དང་། གཞན་དོན་ཕྲིན་ལས་མཉམ་པའོ། །དོན་གཞན་ལ་དགོངས་པ་ནི། ཕ་དང་མ་ནི་བསད་བྱ་ཞིང་། །རྒྱལ་པོ་གཙང་སྦྲ་ཅན་གཉིས་དང་། །ཡུལ་འཁོར་འཁོར་དང་བཅས་བཅོམ་ན། །མི་དེ་དག་པ་ཉིད་དུ་འགྱུར། །ཞེས་པ་སྟེ། དོན་གཞན་དུ་བསྒྱུར་ནས་འཆད་དགོས་པའི་ཕྱིར་རོ། །དོན་ནི། ལས་དང་སྲེད་པ་སྤང་བྱ་ཞིང་། །སྦྱོར་བའི་རྣམ་ཤེས་མཆོག་འཛིན་གཉིས། །སྐྱེ་མཆེད་སྤྱོད་ཡུལ་བཅས་བཅོམ་ན། །མི་དེ་དག་པ་ཉིད་དུ་འགྱུར། །ཞེས་པའོ། །དུས་གཞན་ལ་དགོངས་པ་ནི། ལེ་ལོའི་གཉེན་པོར་བདེ་བ་ཅན་དུ་སྐྱེ་བར་སྨོན་ལམ་བཏབ་ན་དེར་སྐྱེ་ཞེས་པ་ལྟ་བུའོ། །གང་ཟག་གི་བསམ་པ་ལ་དགོངས་པ་ནི། སྦྱིན་པ་ལ་མཆོག་འཛིན་གྱི་གཉེན་པོར་ཚུལ་ཁྲིམས་ལ་བསྔགས་པ་ལྟ་བུའོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། །
|