6649
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། རང་རྒྱུད་པ། ཕར་ཕྱིན་སྐབས་དང་པོར་ས་བདུན་པའི་ཡོངས་སྦྱོང་འཆད་སྐབས་སྤང་བྱ་ཉི་ཤུ་དངོས་སུ་བསྟན་པའི་ཤུགས་སམ་དོན་གྱིས་འཕངས་པའི་དེ་དག་གི་གཉེན་པོ་ཉི་ཤུ་ལ་འཇོག་པ་ཡིན་ནོ། །དེ་ལྟར་ཡང་པཎ་ཆེན་ཕར་ཕྱིན་རྩ་ཊཱིཀ་ལས། ས་བདུན་པ་བ་ཆོས་ཅན། གང་ཟག་གི་བདག་ཏུ་འཛིན་པ་དང༌། སེམས་ཅན་དང་སྲོག་ཏུ་འཛིན་པ་སྤོང་སྟེ། ངོ་བོ་རྒྱུ་འབྲས་གསུམ་གྱི་ཆོས་རྣམས་བདེན་པས་སྟོང་པ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་མངོན་སུམ་དུ་ཡང་དག་པར་ཤེས་པ་གོམས་པར་བྱས་པའི་ཕྱིར། དེ་ཆོས་ཅན། གང་ཟག་རྫས་ཡོད་དུ་འཛིན་པ་སྤོང་སྟེ། དགེ་བ་བཅུའི་ལས་ཀྱི་ལམ་ལ་གསད་པར་བྱ་བ་དང༌། གསོད་པ་པོ་དང༌། བསད་པ་དོན་དམ་པར་མི་དམིགས་པར་མངོན་སུམ་དུ་རྟོགས་པའི་ཕྱིར། དེ་ཆོས་ཅན། སེམས་ཅན་ཆད་པར་འཛིན་པ་སྤོང་སྟེ། སྐྱེ་འགྲོ་ཐམས་ཅད་ལ་དམིགས་པའི་སྙིང་བརྩེ་བ་དང་ལྡན་པའི་ཕྱིར། དེ་ཆོས་ཅན། སེམས་ཅན་རྟག་པར་འཛིན་པ་སྤོང་སྟེ། བདེན་གྲུབ་ཀྱི་དངོས་པོར་ཡོད་ན་དམིགས་སུ་རུང་བ་ལས་དམིགས་པ་མེད་པ་དང་ལྡན་པའི་ཕྱིར། དེ་ཆོས་ཅན། བླང་དོར་གྱི་མཚན་མར་འཛིན་པ་སྤོང་སྟེ། ཆོས་ཐམས་ཅད་བདེན་པར་སྟོང་པ་མཉམ་པ་ཉིད་དུ་རྟོགས་པའི་ཕྱིར། དེ་ཆོས་ཅན། རྒྱུ་རིགས་ཐ་དད་པར་འཛིན་པ་སྤོང་སྟེ། མཐར་ཐུག་ཐེག་པ་ཆེན་པོའི་ཚུལ་གཅིག་ཏུ་རྟོགས་པའི་ཕྱིར། དེ་ཆོས་ཅན། ཕུང་པོ་བདེན་པར་འཛིན་པ་སྤོང་སྟེ། མིང་གཟུགས་ཀྱི་ཆོས་རྣམས་དོན་དམ་པར་མི་སྐྱེ་བ་ཡོངས་སུ་ཤེས་པའི་ཕྱིར། དེ་ཆོས་ཅན། ཁམས་སུ་བདེན་པར་འཛིན་པ་སྤོང་སྟེ། སྟོང་པ་ཉིད་ཀྱི་ཆོས་ཟབ་མོ་ངེས་པར་རྟོགས་པའི་བཟོད་པ་ཁོང་དུ་ཆུད་པའི་ཕྱིར། དེ་ཆོས་ཅན། སྐྱེ་མཆེད་དོན་དམ་པར་འཛིན་པ་སྤོང་སྟེ། སྐྱེ་མཆེད་བཅུ་གཉིས་ཀྱིས་བསྡུས་པའི་ཤེས་བྱ་ཐམས་ཅད་ཐེག་པ་ཆེན་པོའི་ཐབས་ཀྱི་སྒོ་ནས་གཟུང་འཛིན་བདེན་མེད་རབ་ཏུ་སྟོན་པའི་ཕྱིར། དེ་ཆོས་ཅན། ཁམས་གསུམ་ལ་གནས་བྱར་བདེན་པར་ཞེན་པ་སྤོང་སྟེ། བདེན་འཛིན་གྱི་རྟོག་པ་ཐམས་ཅད་གཅོད་པའི་ཕྱིར། དེ་ཆོས་ཅན། ཁམས་གསུམ་ལ་དོར་བྱར་བདེན་པར་ཞེན་པ་སྤོང་སྟེ། མཚན་མར་འཛིན་པའི་ཚུལ་མིན་ཡིད་བྱེད་ཀྱི་རྟོག་པ་མེད་པ་དང༌། འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ལྔ་འདོར་བ་དང༌། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་སྤོང་བ་གསུམ་དང་ལྡན་པའི་ཕྱིར། དེ་ཆོས་ཅན། གོང་མའི་ཡོན་ཏན་ཐོབ་པར་མི་ནུས་སྙམ་དུ་སེམས་ཞུམ་པ་སྤོང་སྟེ། ཞི་གནས་ཁྱད་པར་ཅན་གྱི་ཡོན་ཏན་ལ་དབང་ཐོབ་པའི་སྒོ་ནས་སྒོམ་པའི་ཕྱིར། དེ་ཆོས་ཅན། སངས་རྒྱས་དང་ཆོས་དང་དགེ་འདུན་དུ་ཞེན་པ་སྤོང་སྟེ། གནས་ལུགས་རྟོགས་པའི་ཤེས་རབ་དང་ཐབས་ལ་མཁས་པར་བྱེད་པ་དང༌། གནས་ལུགས་མངོན་སུམ་དུ་རྟོགས་པའི་སེམས་ཉེ་བར་ཞི་བ་དང༌། གཟུགས་ལ་སོགས་པ་ལ་ཐོགས་པ་མེད་པའི་ཡེ་ཤེས་དང་ལྡན་པའི་ཕྱིར། དེ་ཆོས་ཅན། ཚུལ་ཁྲིམས་ལ་བདེན་པར་ཞེན་པ་སྤོང་སྟེ། ཆོས་གང་ལ་ཡང་མངོན་པར་ཞེན་པའི་གནས་མ་ཡིན་པའི་ཕྱིར། ཞེས་སོགས་གསུངས། |
| Domain | ཆོས་ལུགས། |