66504
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལས་དཀར་རྣམ་སྨིན་གནག་པ་དང། །ལས་གནག་རྣམ་སྨིན་དཀར་བ་འོ། །མང་པོ་བསྐྱབ་ཕྱིར་གཅིག་གསོད་སོགས། །ལས་གནག་རྣམ་སྨིན་དཀར་ན་བྱ། །གསད་ཕྱིར་སྦྱིན་པ་གཏོང་ལ་སོགས། ལས་དཀར་རྣམ་སྨིན་གནག་པ་སྤང། །ཞེས་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས་སོ། ། ཀུན་སློང་དང་པོ་དཀར་ཀྱང་གཉིས་པ་ནག་པོར་གྱུར་པ། སློབ་མ་ལ་ཕན་སེམས་ཀྱིས་བྱས་པའི་སྦྱོར་བ་དེ་མ་ཉན་པར་ཞེ་སྡང་གིས་བརྡེག་པ་དང། རྩུབ་མོ་སྨྲ་བ་ལྟ་བུ་དང། ཁྱི་བཀྲེས་པ་ལ་སྙིང་རྗེས་ཟན་བྱིན་པའི་རྨུག་ན་ཞེ་སྡང་གིས་བརྡུང་བ་དང། ཉམ་ཐག་ལ་ཕན་བཏགས་ནས་ཕྱིས་བསྒོ་བའི་ངག་ལ་མ་ཉན་ན་སྙིང་རྗེ་མི་ཤོང་ཞེས་སྤྲོད་པ་དང། ལས་རྒྱུན་དང་ལྡན་པ་ལ་ཀུན་སློང་དང་སྦྱོར་བ་དཀར་གནག་སྤེལ་མར་འབྱུང་བ་ཡོད་པས། དེ་དག་ལས་དེ་ལས་བྱུང་བའི་འབྲས་བུ་རེས་བདེ་ཞིང་རེས་སྡུག་བསྔལ་མྱོང་བ་དང། ཐོག་མར་སྦྱིན་པ་གཏོང་ནས་ཕྱིིས་སེར་སྣ་སྐྱེས་ཤིང་འགྱོད་པར་གྱུར་པས། འབྲས་བུ་ཚེ་སྟོད་ཕྱུག་པོ་ཡོད་པ་ཚེ་སྨད་དབུལ་བར་གྱུར་པ་ལས་འདྲེས་མ་ལ་ཡང་དུ་མ་གསུངས་པས་ལས་གསུམ་གྱི་ངོས་འཛིན་མཛད་པ་ཡིན་ནོ་ཞེས་སྤོས་ཁང་པའི་སྡོམ་གསུམ་རྣམ་བཤད་གཞུང་ལུགས་ལེགས་བཤད་ལས་སོ། ། འདོད་པ་དང་རབ་ཏུ་ལྡན་པའི་འདྲེན་མའི་དོན་བསམ་སྦྱོར་གང་རུང་གནག་ནས་གང་རུང་དཀར་བ་ལ་བཤད་དོ། །འདིའི་བསམ་སྦྱོར་ནི་རྒྱུ་དུས་དང། དེ་དུས་ཀྱི་ཀུན་སློང་གཉིས་ལ་འཇོག་པ་ནི་གནད་ཀྱི་དོན་ཏོ་ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་འཁྲུལ་སྤོང་ལས་སོ། ། འདྲེས་མའི་དོན་ནི། དཀར་ནག་ངོ་བོ་འདྲེས་པ་མི་སྲིད་ཀྱང། བྱ་བའི་རྒྱུན་གཅིག་ལ་དགེ་སྡིག་གཉིས་ཀ་གྲུབ་པ་ལྟ་བུ་ལ་འདྲེས་མར་འཇོག་སྟེ། བསམ་པ་གནག་ལ་སྦྱོར་བ་དཀར་བའམ། སྦྱོར་བ་གནག་ལ་བསམ་པ་དཀར་བ་ལྟ་བུའོ། །འདྲེས་མ་ནི་དགེ་སྡིག་གང་རུང་གཅིག་ཏུ་བསྡུ་བའམ། ཡང་ན་དགེ་སྡིག་གཉིས་ཚོགས་པ་ལྟ་བུར་བྱས་ནས་གང་རུང་དུ་མི་བསྡུའམ་ཞེ་ན། སྤྱིར་དགེ་སྡིག་གང་རུང་དུ་བསྡུ་འོས་པ་ཡིན་ཏེ། གཞན་དུ་ན་ལས་ལ་དགེ་སྡིག་ལུང་མ་བསྟན་གསུམ་དུ་མ་ངེས་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། བསྡུ་ཚུལ་ནི། འབྲས་བུ་སྤྱི་ཙམ་ལ་བདེ་སྡུག་གཉིས་ཀ་འབྱུང་ཡང། རྣམ་སྨིན་གྱི་འབྲས་བུ་བདེ་བ་འབྱུང་ན་དགེ་བ་དང། རྣམ་སྨིན་གྱི་འབྲས་བུ་ལ་སྡུག་བསྔལ་འབྱུང་ན་མི་དགེ་བར་བསྡུ་བ་ནི་གནད་ཀྱི་དོན་ནོ་ཞེས་པཎ་ཆེན་ངག་ཆོས་ཀྱི་སྡོམ་གསུམ་རྣམ་བཤད་ཟླ་འོད་ནོར་བུ་ལས་སོ། ། |
| Domain | ཆོས་ལུགས། |