66822

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཕགས་པ་བློ་གྲོས་རྒྱལ་མཚན་ (1)
Part of speech མིང་ཚིག
Definition ས་སྐྱ་གོང་མ་རྣམ་ལྔའི་ཡ་གྱལ། ས་སྐྱའི་ཁྲི་རབས་དྲུག་པ་འདི་ཉིད་རབ་བྱུང་བཞི་པའི་ཤིང་ལུག་ཕྱི་ལོ་ ༡༢༣༥ ལོའི་བོད་ཟླ་གསུམ་པའི་ཚེས་དྲུག་ཉིན་ཡབ་ཟངས་ཚ་བསོད་ནམས་རྒྱལ་མཚན་དང༌། ཡུམ་མ་གཅིག་ཀུན་དགའ་སྐྱིད་ཀྱི་སྲས་སུ་མངའ་རིས་ཀླུ་ཁང་དུ་བལྟམས། མཚན་དུ་འཕགས་པ་ལུག་སྐྱེས་ཞེས་གསོལ། དགུང་ལོ་བཅུ་པ་ཤིང་འབྲུག་ཕྱི་ལོ་ ༡༢༤༤ ལོར་ཁུ་བོ་ས་པཎ་གྱི་ཕྱག་ཕྱིར་སོག་ཡུལ་ལ་བྱོན་པའི་ལམ་དུ་ལྷ་ལྡན་ཇོ་བོའི་སྤྱན་སྔར་རབ་ཏུ་བྱུང༌། དགུང་ལོ་བཅུ་བདུན་ལ་ཕེབས་པ་ལྕགས་ཕག་ཕྱི་ལོ་ ༡༢༥༡ ལོར་ས་པཎ་སྐུ་གཤེགས་ཁར་རང་ཉིད་ཀྱི་ཆོས་བརྒྱུད་འཛིན་པའི་བདག་པོར་བཀོད། དགུང་ལོ་བཅུ་དགུ་པ་ཆུ་གླང་ཕྱི་ལོ་ ༡༢༥༣ ལོར་ཁམས་སྡེ་དགེའི་ཤར་ཕྱོགས་སྨན་ཤོད་ཅེས་པའི་ས་ཆར་རྫོང་གསར་དགོན་པ་ཕྱག་བཏབ། རྒྱལ་པོ་ཧུ་པི་ལི་དང་བཙུན་མོ་བློན་ཆེན་དང་བཅས་པས་དབང་བསྐུར་ཐུགས་རྗེས་འཛིན་པ་ཞུས་པ་ལ་དགྱེས་པ་རྡོ་རྗེའི་གསང་སྔགས་ཀྱི་དབང་རིམ་པར་གནང་བར་གནང༌། ཏི་ཤྲི་ཞེས་རྒྱལ་པོའི་དབུ་བླའི་མཚན་གསོལ་བ་དང་། གཡང་ཊིའི་ཐམ་ག་ཕུལ། དེའི་ཕྱི་ལོར་བནྡེ་ཤེད་ཀྱི་འཇའ་ས་བོད་ཡིག་མ་དང༌། དངུལ་བྲེ་ཆེན་ང་དྲུག་སོགས་ཕུལ། དབང་ཐེངས་གཉིས་པའི་དབང་ཡོན་དུ་བོད་ཆོལ་ཁ་གསུམ་ཡོངས་རྫོགས་ཕུལ། རྒྱའི་མི་ཡུར་ཆེན་མོ་དང༌། ཆོས་དུང་དཀར་པོ་རྒྱུང་གྲགས་ཕུལ། ཧོར་གྱི་ཡུལ་དུ་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་དབུ་བརྙེས། བོད་ཁམས་ལ་ས་སྐྱས་དབང་བསྒྱུར། དགུང་ལོ་ཉེར་གཅིག་པ་ལ་དགེ་སློང་གི་སྡོམ་པ་བཞེས། ས་རྟ་ཕྱི་ལོ་་ ༡༢༥༨ ལོར་རྒྱལ་པོའི་ཕོ་བྲང་དུ་སེ་ཆེན་གྱི་བཀའ་བཞིན་ཏའོ་ཅོའོ་ཆོས་ལུགས་ཀྱི་སྟོན་པ་ཧཱ་ཤང་ལ་གྱིན་བྱ་བ་འཁོར་བཅས་དང་རྩོད་པ་འགྲན་པར་མཛད་ནས། ཏའོ་ཅོའོ་ཡི་རིང་ལུགས་ལ་སྦྱངས་པ་མཐར་སོན་པ་བཅུ་བདུན་རིགས་པས་ཕམ་པར་གྱུར་ཏེ་རབ་བྱུང་ལ་བཙུད་པས་སེ་ཆེན་ཧན་དགྱེས་ནས་བརྩི་མཐོང་ཇེ་ཆེར་ཞུ་བ་བྱུང༌། ཤིང་བྱི་ཕྱི་ལོ་༡༢༦༤ ལོར་འཇའ་ས་མུ་ཏིག་མ་ཕུལ། ཤིང་གླང་ཕྱི་ལོ་༡༢༦༥ ལོར་བོད་ཡུལ་ས་སྐྱའི་གདན་སར་ཞབས་སོར་འཁོད། དེ་ནས་སླར་ཡང་སེ་ཆེན་རྒྱལ་པོའི་གདན་ཞུས་ལྟར་ས་འབྲུག་ཕྱི་ལོ་ ༡༢༦༨ ལོར་རྒྱ་ནག་ཏུ་ཕེབས། ས་སྦྲུལ་ཕྱི་ལོ་༡༢༦༩ ལོར་འཕགས་པ་རིན་པོ་ཆེས་སེ་ཆེན་ཧན་གྱིས་གསོལ་བ་བཏབ་པ་བཞིན་ཧོར་ཡིག་གྲུ་བཞི་བརྩེགས་མ་དེ་བརྩམས། དགུང་ལོ་སོ་དྲུག་ལ་ཕེབས་པ་ལྕགས་རྟ་ཕྱི་ལོ་༡༢༧༠ ལོར་རྒྱལ་པོ་བཙུན་མོ་བཅས་ཀྱིས་དབང་བཞི་པ་ཞུས། འཕགས་པ་ལ་ཤེལ་དམ་གླིང་དྲུག་མ་ཕུལ། འཕགས་པ་ཏི་ཤྲཱི་ཞེས་པའི་མཚན་གསོལ། རབ་བྱུང་ལྔ་པའི་མེ་བྱི་ཕྱི་ལོ་ ༡༢༧༦ ལོར་འཕགས་པ་འཁོར་བཅས་ས་སྐྱར་ཞབས་སོར་འཁོད་ནས་ས་སྐྱའི་ཆོས་འཁོར་མཛད། གཙང་ཆུ་མིག་རིང་མོར་དགེ་འདུན་ཁྲི་ཕྲག་བདུན་དང༌། ཆོས་སྨྲ་བའི་བཤེས་གཉེན་སྟོང་ཕྲག་དུ་མ། འགྲོ་བ་ཕལ་པ་བཅས་འབུམ་དུ་ལོངས་པ་ལ་ཆོས་དང༌། ཟང་ཟིང་གི་བསྙེན་བཀུར་གཟབ་རྒྱས་བློ་ཡུལ་དུ་འདས་པ་ཞིག་གནང་བ་དེ་ལ་ཆུ་མིག་ཆོས་འཁོར་ཞེས་ལོ་རྒྱུས་ཐོག་སྐད་གྲགས་བྱེད། གསར་རྩོམ་པོད་གསུམ་བཀའ་འབུམ་གྱི་ཁྲོད་ན་བཞུགས། དགུང་ལོ་ཞེ་དྲུག་ལ་ཕེབས་པ་རབ་བྱུང་ལྔ་པའི་ལྕགས་འབྲུག་ཕྱི་ལོ་༡༢༨༠ ལོར་དཔལ་ས་སྐྱ་དགོན་གྱི་ལྷ་ཁང་བླ་བྲང་དུ་མྱ་ངན་ལས་འདས།