67256

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཕགས་པའི་དགེ་འདུན་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། འཇིག་རྟེན་པའམ་སོ་སོའི་སྐྱེ་བོ་ལས་རིང་དུ་གྱེས་ཤིང་ཁྱད་པར་དུ་འཕགས་པའི་བདེན་པ་མངོན་སུམ་དུ་མཐོང་བའི་གང་ཟག་ཞིག་ལ་ཟེར། སྐབས་འདིར་དེ་ལ་དབྱེ་ཚུལ་མི་འདྲ་བ་གསུམ་ཡོད་དེ། ཕྱིར་མི་ལྡོག་གི་འཁོར་ལོའི་མདོ་ལས། རྒྱལ་སྲས་ཞེ་བརྒྱད་དུ་གསུངས་པ་དང་། བསྟན་བཅོས་མངོན་རྟོགས་རྒྱན་ལས་དེ་དག་དགེ་འདུན་ཉི་ཤུར་བསྡུས་ནས་གསུངས་པ་དང་། ཉི་ཤུ་བོ་དེ་དག་ཀྱང་ཞུགས་གནས་བརྒྱད་དུ་བསྡུས་ནས་གསུངས་ཡོད། དེ་དག་ལ་ཡང་བྱང་ཆུབ་སེམས་དཔའི་རྟེན་ཅན་གྱི་མཚོན་བྱ་དོན་གྱི་དགེ་འདུན་དང་། ཉན་རང་གི་རྟེན་ཅན་གྱི་མཚོན་བྱེད་དཔེའི་དགེ་འདུན་གཉིས་སུ་ཡོད་ལ། མདོ་ལས་རྒྱལ་སྲས་ཞེ་བརྒྱད་དུ་གསུངས་པ་བསྟན་བཅོས་སུ་དགེ་འདུན་ཉི་ཤུར་བསྡུས་ནས་འཆད་ཚུལ་ལ། འཕགས་པ་གྲོལ་སྡེའི་ཉི་སྣང་ལས་གསུངས་ཚུལ་དང། སློབ་དཔོན་སེང་གེ་བཟང་པོའི་ཉི་ཁྲི་ལེ་བརྒྱད་མ་ལས་གསུངས་ཚུལ་དེ་ལུགས་ཆེན་པོ་གཉིས་ཡོད་པས་དེའི་ཚུལ་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། འདི་ལ་འཕགས་པའི་ལུགས་དང། སློབ་དཔོན་གྱི་ལུགས་གཉིས། དང་པོ་ནི། དགེ་འདུན་ཉི་ཤུར་བསྡུས་ནས་འཆད་ཚུལ་ཡོད་དེ། གཞུང་གི་དངོས་བསྟན་བཅུ་དྲུག་དང་ཤུགས་བསྟན་བཞི་ཡོད་པའི་ཕྱིར། དང་པོ་ཡོད་དེ། རྒྱུན་ཞུགས་ཞུགས་པ་དབང་པོ་རྣོ་རྟུལ་གྱི་མིང་ཅན་གཉིས། ལྷའི་རིགས་ནས་རིགས་སྐྱེ་དང་མིའི་རིགས་ནས་རིགས་སྐྱེ་གཉིས། ཕྱིར་འོང་ཞུགས་པ་དང་ཕྱིར་འོང་ཚེ་གཅིག་བར་ཆད་གཅིག་པ་གཉིས། ཕྱིར་མི་འོང་ཞུགས་པ་ཕྱིར་མི་འོང་སྐྱེས་འདའ་བ་བར་འདའ་བ་མངོན་པར་འདུ་བྱེད་དང་བཅས་ཏེ་འདའ་བ་དེ་མེད་པར་འདའ་བ། འཕར་བ་གསུམ་དང་འོག་མིན་མཐར་ཐུག་འགྲོ་སྲིད་རྩེའི་མཐར་ཐུག་འགྲོ་སྟེ་ལྔ་པོ་ལ་གོང་འཕོ་བ་ཞེས་གཅིག་ཏུ་བསྡུས་པ་དང། གཟུགས་མེད་ཉེར་འགྲོ་དང་མཐོང་ཆོས་ཞི། ལུས་མངོན་བྱེད་བསེ་རུ་རང་སངས་རྒྱས་ཀྱི་མིང་ཅན་ཏེ་བཅུ་དྲུག་ཏུ་ཡོད་པའི་ཕྱིར། ཤུགས་བསྟན་བཞི་ཡོད་དེ། རྒྱུན་ཞུགས་དང། ཕྱིར་འོང་དང་ཕྱིར་མི་འོང་འབྲས་གནས་གཉིས། དགྲ་བཅོམ་ཞུགས་པའི་མིང་ཅན་ཏེ་བཞི་ཡོད་པའི་ཕྱིར། གཉིས་པ་སློབ་དཔོན་གྱི་ལུགས་ནི། གཞུང་གི་དགེ་འདུན་ཉི་ཤུར་བསྡུས་ནས་འཆད་ཚུལ་ཡོད་དེ། དངོས་བསྟན་བཅུ་བདུན་དང་ཤུགས་བསྟན་གསུམ་དུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། རྒྱུན་ཞུགས་ཞུགས་པ་དབང་པོ་རྣོ་རྟུལ་གྱི་མིང་ཅན་གཉིས། ལྷའི་རིགས་ནས་རིགས་སྐྱེ་དང་མིའི་རིགས་ནས་རིགས་སྐྱེ་གཉིས། ཕྱིར་འོང་ཞུགས་པ་དང་ཕྱིར་འོང་ཚེ་གཅིག་བར་ཆད་གཅིག་པ་གཉིས། ཕྱིར་མི་འོང་ཞུགས་པ་དང་ཕྱིར་མི་འོང་སྐྱེས་འདའ་བ་བར་འདའ་བ་མངོན་པར་འདུ་བྱེད་དང་བཅས་ཏེ་འདའ་བ་དེ་མེད་པར་འདའ་བ། འོག་མིན་མཐར་ཐུག་འགྲོ་ལས་ཕྱེ་བའི་འཕར་བ་གསུམ། སྲིད་རྩེའི་མཐར་ཐུག་ཞེས་བསྙད་པའི་གཟུགས་ཀྱི་ཆགས་བཅོམ་ལས་ཕྱེ་བའི་མཐོང་ཆོས་ཞི་དང་ལུས་མངོན་བྱེད་གཉིས། བསེ་རུ་རང་སངས་རྒྱས་ཀྱི་མིང་ཅན་གཅིག་སྟེ་བཅུ་བདུན་དུ་ཡོད་པའི་ཕྱིར། ཤུགས་བསྟན་གསུམ་ཡོད་དེ། རྒྱུན་ཞུགས་དང་ཕྱིར་འོང་འབྲས་གནས་ཙམ་པོ་བ་གཉིས། དགྲ་བཅོམ་ཞུགས་པའི་མིང་ཅན་རྣམས་སུ་ཡོད་པའི་ཕྱིར།
Domain ཆོས་ལུགས།

{{#arraymap:འཕགས་པའི་དགེ་འདུན་

|; |@@@ | | }}