From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འཕགས་ལམ་ཡན་ལག་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཕར་ཕྱིན། མཐོང་སྤངས་ལས་རིང་དུ་སོང་བས་ན་འཕགས་པ། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་ཕྱིན་པར་བྱེད་པས་ན་ལམ། འཕགས་ལམ་གྱི་ཕྱོགས་གཅིག་ཡིན་པས་ན་ཡན་ལག་ཅེས་བརྗོད་པའི་ཕྱིར། དམིགས་པ་དང་ངོ་བོ་སོགས་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། དམིགས་པ་ཡོད་དེ། འཕགས་པའི་བདེན་པ་བཞི་པོ་དེ་འཕགས་ལམ་ཡན་ལག་གི་དམིགས་པ་ཡིན་པའི་ཕྱིར། ངོ་བོ་ཡོད་དེ། མཐོང་ལམ་ཡན་ཆད་ཀྱི་མཉམ་གཞག་ཏུ་རྟོགས་པའི་ལྟ་བ་དེ་རྗེས་ཐོབ་ཏུ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱོད་པར་བྱེད་པའི་ཆོས་རབ་ཏུ་རྣམ་འབྱེད་ནི་ཡང་དག་པའི་ལྟ་བ་དང། མཉམ་གཞག་ཏུ་རྟོགས་པའི་ལྟ་བ་དེ་རྗེས་ཐོབ་ཏུ་གཞན་ལ་སྟོན་པར་བྱེད་པའི་ངག་ཀུན་ནས་སློང་བྱེད་ཀྱི་རྟོག་པ་ནི་ཡང་དག་པའི་རྟོག་པ་དང། ངག་གི་ལས་རྣམ་པར་དག་པའི་མཁྱེན་པ་དེ་ཡང་དག་པའི་ངག་དང། ལུས་ཀྱི་ལས་རྣམ་པར་དག་པའི་མཁྱེན་པ་དེ་ཡང་དག་པའི་ལས་ཀྱི་མཐའ་དང། ལུས་ངག་གཉིས་ཀའི་ལས་རྣམ་པར་དག་པའི་མཁྱེན་པ་དེ་ཡང་དག་པའི་འཚོ་བ་དང། སྒོམ་སྤངས་སྤོང་བ་ལ་སྤྲོ་བའི་བརྩོན་འགྲུས་དེ་ཡང་དག་པའི་རྩོལ་བ་དང། ཞི་གནས་ཀྱི་དམིགས་པ་མི་བརྗེད་པར་འཛིན་པའི་དྲན་པ་ནི་ཡང་དག་པའི་དྲན་པ་དང། དྲན་པས་བཟུང་བའི་ཡུལ་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་པའི་ཏིང་ངེ་འཛིན་ནི་ཡང་དག་པའི་ཏིང་ངེ་འཛིན་ཡིན་པའི་ཕྱིར། གསུམ་པ་གྲོགས་ཡོད་དེ། དེ་དག་དང་མཚུངས་པར་ལྡན་པའི་སེམས་སེམས་བྱུང་རྣམས་ཡིན་པའི་ཕྱིར། སྒོམ་ཚུལ་ཡོད་དེ། མཉམ་གཞག་ཏུ་རྟོགས་པའི་ལྟ་བ་རྗེས་ཐོབ་ཏུ་དཔྱོད་པར་བྱེད་པའི་ཤེས་རབ་སྒོམ་པ་ནས། དྲན་པས་དམིགས་པའི་ཡུལ་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་པའི་ཏིང་ངེ་འཛིན་སྒོམ་པའི་བར་རྣམས་ཡིན་པའི་ཕྱིར། དགོས་པ་ཡོད་དེ། མཐོང་སྒོམ་གྱི་ལམ་མ་སྐྱེས་པ་སྐྱེད་པ་དང། སྐྱེས་པ་རྣམས་མྱུར་དུ་རྫོགས་པའི་ཆེད་དུ་ཡིན་པའི་ཕྱིར།
|
| Domain
|
ཆོས་ལུགས།
|
འཕགས་ལམ་ཡན་ལག་ (2)
| Part of speech
|
མིང་ཚིག
|
| Definition
|
བྱང་ཕྱོགས་སོ་བདུན་གྱི་ནང་ཚན་གང་ཞིག། བདེན་བཞིའི་གནས་ལུགས་ལ་དཔྱོད་པར་བྱེད་པའི་རྗེས་ཐོབ་གཙོ་བོར་གྱུར་པའི་རིགས་སུ་གནས་པའི་འཕགས་རྒྱུད་ཀྱི་མཁྱེན་པར་དམིགས་པ། འཕགས་ལམ་ཡན་ལག་གི་མཚན་ཉིད། དེ་ལ་དབྱེ་ན། ཡང་དག་པའི་ལྟ་བ་འཕགས་པའི་ལམ་ཡན་ལག་ནས་བཟུང་སྟེ། ཡང་དག་པའི་ཏིང་ངེ་འཛིན་འཕགས་པའི་ལམ་ཡན་ལག་གི་བར་བརྒྱད་དུ་ཡོད།
|