67411

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཕན་པོ་བློ་བཟང་དགེ་ལེགས་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གསུམ་པའི་མེ་གླང་ཕྱི་ལོ ༡༧༥༧ ལོར་འཕན་ཡུལ་རྒྱལ་ལྷ་ཁང་གི་ཉེ་འདབས་སུ་ཡབ་བསོད་ནམས་ལྷུན་གྲུབ་དང་། ཡུམ་ལྷ་མོ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་དགུ་པར་ཡབ་དང་ལྷན་ཡུལ་དབུས་སུ་ཕེབས། པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་ལ་གཙུག་ཕུད་ཕུལ། མཚན་ལ་བློ་བཟང་དགེ་ལེགས་ཞེས་བསྩལ། སེར་སྨད་ཐོས་བསམ་གླིང་དུ་ཚ་བ་དཀའ་བཅུ་བསྐལ་བཟང་དོན་གྲུབ་བསྟེན། ཡི་གེའི་སྦྱོར་ཀློག་དང་། ཆོས་སྤྱོད་བཅས་ལ་བྱང་བར་མཛད། སྒྲུབ་ཁང་པ་ངག་དབང་འཇམ་དཔལ་བདེ་ལེགས་རྒྱ་མཚོ་ལས་དགེ་ཚུལ་བསྒྲུབ། བཀའ་ཆོས་ཀྱང་གསན། བསྡུས་གཞུང་ནས་གཞུང་བཀའ་པོད་ལྔར་ཐོས་བསམ་ནན་ཏན་དུ་མཛད། ཁྲི་ཆེན་ངག་དབང་ཚུལ་ཁྲིམས་དང་། ཀློང་རྡོལ་བླ་མ་ངག་དབང་བློ་བཟང་། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། ལྕགས་ར་སྤྲུལ་སྐུ་ངག་དབང་འཕྲིན་ལས་དཔལ་བཟང་། གསེར་སྡིངས་མཁན་པོ་དགེ་འདུན་འཇིགས་མེད། བྲག་རི་མཁན་པོ་རྒྱ་མཚོ་མཐའ་ཡས། བྱང་རྩེ་མཐུ་སྟོབས་རྒྱ་མཚོ། མཁན་ཆེན་ཐོགས་མེད་རྒྱ་མཚོ་སོགས་ལས་མདོ་རྒྱུད་ཀྱི་དབང་ལུང་མན་ངག་མང་པོ་གསན། སོ་གཉིས་པར་ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོརགནང་། ལྷ་རམས་པའི་མཚན་བཏགས་ཀྱང་བཞེས། སྨད་རྒྱུད་གྲྭ་ཚང་དུ་གསང་ཆེན་རྒྱུད་སྡེའི་གཞུང་དང་ཆོ་ག་ཕྱག་ལེན། གར་ཐིག་དབྱངས་གསུམ་བཅས་ལ་སྦྱངས། སྔགས་རམས་པའི་མཚན་བཏགས་བཞེས། ཞེ་གསུམ་པར་སེར་སྨད་ཀྱི་དགེ་བསྐོས་མཛད། ཞེ་བཞི་པར་རྒྱུད་པའི་བླ་མ་དབུ་མཛད་ཀྱི་ཁྲིར་ཕེབས། འཆད་ཉན་ལོ་ལྔའི་རིང་བསྐྱངས། ཞེ་དགུ་པར་རྒྱུད་པའི་མཁན་ཁྲིར་བཞུགས། ལོ་གསུམ་རིང་འཆད་ཉན་དང་། གཏོང་སྒོ་སྔར་སྲོལ་མ་ཉམས་པ་མཛད། ང་ལྔ་པར་དགའ་ལྡན་བྱང་རྩེའི་ཁྲིར་བྱོན། འཆད་ཉན་ལོ་བཞིའི་བར་མཛད། ང་དགུ་པ་རབ་བྱུང་བཅུ་བཞི་པའི་ཤིང་ཕག་ཕྱི་ལོ ༡༨༡༥ ལོར་དགའ་ལྡན་གསེར་ཁྲིར་ཕེབས། གསེར་ཁྲི་ལོ་ངོ་གཉིས་རིང་བསྐྱངས། འཆད་ཉན་ཡང་མཛད། དྲུག་ཅུ་པ་རབ་བྱུང་བཅུ་བཞི་པའི་མེ་བྱི་ཕྱི་ལོ ༡༨༡༦ ལོར་སྐུ་གཤེགས། དགའ་ལྡན་གསེར་ཁྲིའི་ཁྲི་རབས་རེ་བརྒྱད་པ་ཡིན། མཚན་གཞན། བྱང་རྩེ་བློ་བཟང་དགེ་ལེགས།

{{#arraymap:འཕན་པོ་བློ་བཟང་དགེ་ལེགས་

|; |@@@ | | }}