67717
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། མཉན་ཡོད་དུ་ཁྱིམ་བདག་སྦྱིན་པའི་བུ་མོ་མཆོད་སྦྱིན་མ་ཕོ་ཉ་ཏེ་འཕྲིན་གྱིས་སོ། །འདིའི་འཕྲིན་ནི་ཨུཏྤལའི་མདོག་གིས་བྱས་པ་ཕྲན་ཚེགས་ལས་བཤད་དོ། །མཉན་ཡོད་ན་ཁྱིམ་བདག་སྦྱིན་པ་ཞེས་པ་ལ་བུ་མོ་མཆོད་སྦྱིན་མ་ཞེས་པ་ཡོད་པས། དེ་མ་སྐྱེས་གོང་ནས་ཁྱིམ་བདག་རི་དྭགས་དགྲའི་བུ་ལ་བྱིན་ནོ། །མཆོད་སྦྱིན་མ་རབ་ཏུ་བྱུང་འདོད་པས་ཕ་མ་ལ་ཞུས་པས་རི་དྭགས་དགྲའི་བུ་ལ་སྔར་བྱིན་པས་དེ་དབང་ངོ་ཞེས་མ་གནང་ནས། དེ་བརྩོན་བཞིན་དུ་ཁྱིམ་དུ་གནས་སོ། །ཁྱིམ་དེར་ཨུཏྤལའི་མདོག་དུས་དུས་སུ་འོངས་པས་དོན་དེ་ཞུས་པ་ན་སྟོན་པ་ལ་ཞུའོ་ཞེས་ཀུན་དགའ་བོ་ལ་བསྙད་དེ། སྟོན་པ་ལ་ཞུས་པས་ཁྱིམ་དེར་ཨུཏྤལའི་མདོག་འཕྲིན་པར་ཐོང་ལ་སྐྱབས་གསུམ་དང་བསླབ་གཞི་ཟུངས་ཤིག་ཅེས་ཏེ། དེ་ལྟར་བྱས་པས་མཆོད་སྦྱིན་མ་བདེན་པ་མཐོང་ངོ་། །ཡང་དེ་འཕྲིན་པར་བཏང་སྟེ་ལོ་གཉིས་སུ་ཆོས་དྲུག་དང་ཉེ་བའི་ཆོས་དྲུག་གི་བསླབ་པ་བྱིན་ནོ། །དེ་ནས་སྦྱིན་པ་དང་རི་དྭགས་དགྲ་ཕན་ཚུན་བགྲོས་ནས་དེ་བག་མར་གཏོང་བའི་དུས་ལ་བབས་ཏེ་ཡུལ་མི་སོགས་སྐྱེ་བོ་མང་པོ་འདུས་པའི་ཚེ། སྟོན་པས་དེ་རྗེས་སུ་བཟུང་བར་དགོངས་ནས། དགེ་སློང་མ་རྣམས་ཀྱིས་ཨུཏྤལའི་མདོག་འཕྲིན་པར་ཐོངས་ལ་དེ་ལ་ཚངས་སྤྱོད་ཀྱི་སྡོམ་པ་བྱིན་ཅིག་ཅེས་གསུངས་ནས་བྱིན་ནོ། །སྟོན་པས་ཀུན་དགའ་བོ་ལ་ཨུཏྤལའི་མདོག་འཕྲིན་པར་ཐོངས་ལ་སྡེ་གཉིས་ཀྱིས་དེ་བསྙེན་པར་རྫོགས་པར་གྱིས་ཤིིག་གསུངས་ནས་དེ་བཞིན་བྱས་སོ། །དེ་བྱས་མ་ཐག་ཏུ་མཆོད་སྦྱིན་མས་དགྲ་བཅོམ་མ་ཐོབ་བོ། །ཆོ་ག་འདི་ནི་ད་ལྟར་ཡང་ཡོད་པར་ཡོན་ཏན་འོད་འཆད་དེ། སྐལ་པ་དང་ལྡན་པའི་རང་བཞིན་ཅན་ལ་མངགས་པ་འདྲ་བས་རབ་ཏུ་འབྱིན་དུ་གཞུག་པ་ནི་ཆོ་ག་མ་ཡིན་པ་མ་ཡིན་ནོ་ཞེས་གསུངས་སོ། །འཕྲིན་གྱི་ཡུལ་སྐྱེས་པ་ཡིན་ན་སྐྱེས་པ་ཁོ་ན་བྱ་ལ། བུད་མེད་ཡིན་ན་སྐྱེས་པ་དང་བུད་མེད་གང་ཡང་རུང་བས་བྱའོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་འདུལ་ཕྲེང་རྣམ་འགྲེལ་ལས་སོ། ། |
| Domain | ཆོས་ལུགས། |