67731

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཕྲིན་ལས་རྒྱ་མཚོ་ (1)
Part of speech མིང་ཚིག
Definition ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གཉིས་པའི་མཚན། ཁོང་ནི་རབ་བྱུང་བཅུ་བཞི་པའི་མེ་འབྲུག་ཕྱི་ལོ ༡༨༥༦ ལོའི་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་རྒྱལ་བ་སྐུ་ཕྲེང་བརྒྱད་པའི་ཡབ་གཞིས་ཏེ་ལྷ་ཀླུར་ཡབ་ཕུན་ཚོགས་ཚེ་དབང་དང་ཡུམ་ཚེ་རིང་གཡུ་སྒྲོན་གཉིས་ཀྱི་སྲས་སུ་སྐུ་བལྟམས། མེ་སྦྲུལ ཕྱི་ལོ་ ༡༨༥༧ ལོའི་ཟླ་བཅུ་པར་ཆུང་སྲིད་རིན་པོ་ཆེ་ལྷ་སར་གདན་དྲངས། ས་རྟ་ཕྱི་ལོ་ ༡༨༥༨ ལོའི་ཟླ་དང་པོའི་ནང་རྒྱལ་དབང་གོང་མའི་ཡང་སྲིད་རིན་པོ་ཆེར་ངོས་འཛིན་ཐུགས་གཏན་ཁེལ། ཚེས་བཅོ་ལྔ་ཉིན་སྲིད་སྐྱོང་རྭ་སྒྲེང་རིན་པོ་ཆེས་དབུ་སྐྲ་གཙུག་ཕུད་བཞེས་ཏེ་མཚན་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་འཕྲིན་ལས་རྒྱ་མཚོ་ཞེས་གསོལ། ལྕགས་སྤྲེལ ཕྱི་ལོ་ ༡༨༦༠ ལོའི་ཟླ་བདུན་པའི་ཚེས་གསུམ་ཉིན་མཆོག་སྤྲུལ་རིན་པོ་ཆེ་ཕོ་བྲང་ཆེན་པོ་པོ་ཏ་ལའི་གསེར་ཁྲིར་མངའ་གསོལ། ཆུ་ཁྱི་ཕྱི་ལོ ༡༨༦༢ ལོའི་ཟླ་གཉིས་པའི་ནང་རྒྱལ་དབང་མཆོག་ཆོས་སྲིད་ལུགས་གཉིས་ཀྱི་འགན་བཞེས་གནང་དགོས་བྱུང་ཡོད། དེ་སྐབས་སྐུ་ན་ཕྲ་སྟབས་ཕྱག་རོགས་སུ་བཀའ་ཟུར་བཤད་སྒྲ་དབང་ཕྱུག་རྒྱལ་པོར་སྲིད་སྐྱོང་བསྐོ་གཞག་མཛད། ཤིང་བྱི་ཕྱི་ལོ ༡༨༦༤ ལོའི་ཟླ་བཞི་པའི་ཚེས་བཅུ་གསུམ་ཉིན་ལྷ་ལྡན་གཙུག་ལག་ཁང་གི་ཇོ་བོ་ཤཱཀྱ་མུ་ནེའི་སྤྱན་སྔར་ཡོངས་འཛིན་ཁྲི་ཟུར་བློ་བཟང་མཁྱེན་རབ་དབང་ཕྱུག་གི་དྲུང་ལས་རྒྱལ་དབང་མཆོག་གིས་རབ་བྱུང་གི་སྡོམ་པ་བཞེས། ས་འབྲུག་ཕྱི་ལོ་ ༡༨༦༨ ལོར་ཆོ་འཕྲུལ་སྨོན་ལམ་ཆེན་མོར་ཚོགས་ཕེབས་གནང༌། དེ་ནས་བཟུང་རྒྱལ་དབང་མཆོག་ཚོགས་ཕེབས་གནང་བའི་འགོ་ཚུགས། ལྕགས་རྟ་ཕྱི་ལོ་༡༨༧༠ ལོར་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་དང༌། སེ་ར་ཐེག་ཆེན་གླིང་སོ་སོར་སྔར་ལམ་གྲྭ་བསྐོར་དམ་བཞེས་སུ་ཆིབས་བསྒྱུར་མཛད་རྗེས་རྩེ་ཕོ་བྲང་དུ་ཕྱིར་ཕེབས་གནང༌། ཆུ་བྱ ༡༨༧༣ ལོའི་ཟླ་གཉིས་པའི་ཚེས་བཅུ་བཞི་ཉན་ལུགས་གཉིས་ཀྱི་ཐུགས་འགན་ཡོངས་སུ་བཞེས། ཤིང་ཁྱི་ཕྱི་ལོ་༡༨༧༤ ལོར་སྔར་ལམ་ལྟར་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་གྲྭ་བསྐོར་དམ་བཅར་ཆིབས་བསྒྱུར་དང༌། དེ་ནས་ཆོས་འཁོར་རྒྱལ་སོགས་ལྷོ་ཁུལ་གནས་གཟིགས་ལ་ཕེབས་ཏེ་དེ་ཁུལ་དད་ལྡན་སེར་སྐྱ་མི་དམངས་ལ་མཇལ་ཕྱག་དང་ཆོས་འབྲེལ་སོགས་ཡིད་ཀྱི་རེ་འདོད་སྐོང་བར་མཛད། ལོ་འདིར་ཁལ་ཁ་རྗེ་བཙུན་དམ་པའི་ཡང་སྲིད་བསྟན་འཛིན་དབང་ཕྱུག་ལ་དགེ་ཚུལ་གྱི་བསླབ་སྡོམ་སྩལ་ཅིང་དེ་འབྲེལ་ཁལ་ཁའི་ཁུ་རལ་མཁན་པོ། ཏཱ་བླ་མ་སོགས་ལ་གནང་རྟེན་ཡང་སྩལ། མཐར་དགུང་གྲངས་ཉི་ཤུའི་ངོར་ཕེབས་པ་རབ་བྱུང་བཅོ་ལྔ་པའི་ཤིང་ཕག་ཕྱི་ལོ ༡༨༧༥ ལོའི་ཟླ་གསུམ་པའི་ཚེས་ཉི་ཤུ་ཉིན་རྩེ་པོ་ཏ་ལའི་གཟིམ་ཆུང་ཉི་འོད་ཀྱི་བཞུགས་ཁྲི་ཆེན་མོའི་སྐུ་མདུན་དུ་བདེ་སྟན་ཐོག་སྐུ་བཞུགས་གནང་མུར་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན། སྐུ་གདུང་རིན་པོ་ཆེ་པོ་ཏ་ལའི་གསེར་གདུང་ཚེ་སྦྱིན་འོད་འབར་དུ་བཞུགས།