67785
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སངས་རྒྱས་ཤཱཀྱ་མུ་ནེའི་སྐུ་ཞིག་སྟེ་ཡོངས་གྲགས་སུ་ལྷ་སའི་ཇོ་བོ་ཞེས་འབོད། དེ་ནི་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་རྒྱ་བཟའ་ཀོང་ཇོས་བོད་དུ་གདན་དྲངས་པ་ཡིན། སངས་རྒྱས་ཉིད་དང་ཁྱད་པར་མ་མཆིས་པའི་ཇོ་བོ་རིན་པོ་ཆེ་འདི་ནི་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷ་དང་མིའི་རིན་པོ་ཆེ་རྣམ་པ་བཅུ་སྐུའི་རྒྱུར་སྤུངས་པ་ན། བཟོ་བོ་ཝི་ཤྭ་ཀརྨས་དེ་རྣམས་བཞུ་བཏུལ་ལུགས་སུ་བླུག ཤཱཀྱའི་རྒྱལ་པོ་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་ལྟ་བས་ཆོག་མི་ཤེས་ཤིང་། མཐོང་ཐོས་དྲན་རེག་ཙམ་གྱིས་མྱ་ངན་ལས་འདས་པའི་ས་བོན་ཁྱད་པར་ཅན་འཇོག་ནུས་པ་འདི་ཉིད། ལུས་ཅན་ཀུན་གྱི་བསོད་ནམས་ཀྱི་ཞིང་དམ་པར་བསྐྲུན་པ་ལ། རྒྱལ་བ་ཉིད་ཀྱིས་རབ་ཏུ་གནས་པར་མཛད་དེ། ཨོ་རྒྱན་ཡུལ་གྱི་ཡུལ་དང་། དེའི་རྗེས་སུ་དབུས་འགྱུར་མ་ག་དྷར་བཞུགས་པའི་ཚེ། རྒྱ་ནག་གི་རྒྱལ་པོའི་བསོད་ནམས་ཀྱི་མཐུས། རྒྱ་གར་ནས་རྒྱ་ནག་ཏུ་རྫིངས་ལ་སྤྱན་དྲངས་ཏེ། མ་ཧཱ་ཙི་ན་པའི་མཆོད་པའི་ཞིང་དུ་བཞུགས་པ་ལས། ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོ་རྒྱ་བཟའ་ཀོང་ཇོའི་རྟེན་སྐལ་དུ་རྒྱ་ནག་ནས་བོད་དུ་དུས་རབས་བདུན་པའི་ནང་གདན་དྲངས། འདི་དང་བལ་བཟའ་ཁྲི་བཙུན་གྱིས་གདན་དྲངས་པའི་སྟོན་པ་དགུང་ལོ་བརྒྱད་པའི་སྐུ་ཚད་ཇོ་བོ་མི་བསྐྱོད་རྡོ་རྗེ་གཉིས་སྟོན་པ་ཐུབ་པའི་དབང་པོ་ཉིད་ཀྱིས་ཞལ་བཀོད་མཛད་ནས་བཟོ་བོ་ཝི་ཤྭ་ཀརྨ་ལ་བཞེངས་སུ་བཅུག་ཅིང་བྱིན་རླབས་རབ་གནས་ཀྱང་མཛད་པའི་ལོ་རྒྱུས་ཡོད། |