67940

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབམ་པོ་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་ཁམ་སྐྱ་སྙུང་རིལ་དབྱིབས་ལ་ཨ་ར་འདྲ་བའི་རྩ་ཕྲན་ཐར་ཐོར་ཡོད་པ་དང༌། ལོ་མ་སྔོ་སྐྱ་སོབ་པའི་རྣམ་ཅན་ཆུང་ཞིང་སྐྱེ་རིམ་གཉིས་ཀྱི་སྒྲོ་དབྱིབས་ལ་སྤུ་དཀར་ཐུང་ངུ་ཡོད་པ། དྲི་ཞིམ་བྲོ་ལ་ངར་པ་ཕྲ་ཞིང་ཅུང་རིང་བ་གཞི་རྩ་ནས་མཉམ་དུ་སྐྱེ་བ། ལོ་མ་མང་ཆེ་བ་ས་ངོས་སུ་འབྱར་ནས་སྐྱེ་ཞིང༌། ལོ་མའི་དཀྱིལ་ནས་སྡོང་རྐང་སྔོ་སྐྱ་གསུམ་བཞིའི་རྩེར་གདུགས་དབྱིབས་མེ་ཏོག་འདབ་མ་དཀར་པོ་དཀྱིལ་དམར་བ་འཆར་ཞིང༌། འབྲས་བུ་སྔོ་སྨུག་གོ་སྙོད་ཀྱི་འབྲུ་འདྲ་ལ་དེ་ལས་ཅུང་ཆུང་བ་འདོགས་པ་སྟེ། མེ་ཏོག་ཡོད་མེད་ཀྱི་ཕོ་མོའི་ཁྱད་པར་ལས་སྐྱེ་དབྱིབས་སོགས་མཚུངས་པ་ཞིག་སྟེ། བོད་ཀྱི་ས་བབ་མཐོ་ཙམ་ཡིན་པའི་ས་གནས་ཕལ་ཆེ་བའི་ཁ་བྱང་བལྟས་ཀྱི་རི་ལྡེབས་དང༌། བྱེ་ཤས་ཆེ་བའི་རི་མ་ཐང་དུ་སྐྱེ་བ་མང་བ། རྩ་ལོ་མེ་ཏོག་ལྷན་ཅིག་བོད་ཟླ་དྲུག་པ་ཙམ་ལ་བཏུས་ཏེ་གཙང་མ་བཀྲུས་རྗེས་སྔོ་ཆོལ་རྨ་ཕབ་ཐོག་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་ལ་ཚ་བ། ཞུ་རྗེས་ཁ་བ། ནུས་པ་སྙོམས་པས་སྐྲངས་པོ་འཇོམས་ཤིང་ཁོང་པའི་ནང་གི་འབྲས་བཤིག་པར་བྱེད། མགོའི་རྨ་དང་རྒྱུངས་པའི་ནད་སོགས་སེལ་བར་བྱེད་པ་ཡིན།