67955
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཛི་ཀའི་ལྷ་མོ་དར་ཐང་དང་ཉེ་བའི་ཡུལ་འབའ་མདའ་ཞེས་པ་ན་ཡབ་དགྲ་བླ་ལྕགས་ལོ་དང་། ཡུམ་སྐྱིད་ཀོ་མ་གཉིས་ཀྱི་སྲས་སུ་ཤིང་ཕོ་འབྲུག་གི་ལོར་ཉིད་སྐུ་འཁྲུངས། དགུང་ལོ་བཅོ་བརྒྱད་སྐོར་དུ་དམ་པ་འདི་ཆོས་གྲྭ་ཆེ་བ་ཁམས་སྡེ་དགེ་ཕྱོགས་སུ་བྱོན་ཏེ། མཁན་ཆེན་དམ་པ་ཨ་དཀོན་སོགས་ཀྱི་མདུན་ནས་ཐུན་མོང་རིག་གནས་ཀྱི་སྐོར་སྣ་ཚོགས་དང་། ཐུན་མིན་མདོ་ཕྱོགས་གཞུང་དཀའ་པོད་ལྔ་ལ་ཐོས་བསམ་གྱིས་སྦྱང་བརྩོན་རྒྱ་ཆེར་མཛད། དགུང་ལོ་ཉེར་གཅིག་སྐོར་དུ་འཛམ་ཐང་ནས་རྡོ་རྗེ་འཆང་ངག་དབང་ཆོས་འཕེལ་རྒྱ་མཚོའི་སྐུ་དྲུང་ནས་ཟབ་ཆོས་ཀྱི་སྒོ་རྡོ་རྗེ་འཆང་དབང༌། རྡོར་སེམས་བཟླས་ལུང༌། སོགས་ཆོས་བཀའ་ཅི་རིགས་དང་། འཛམ་ཐང་གཙང་ཆེན་ཕོ་བྲང་དུ་ངག་དབང་ཆོས་ཀྱི་འཕགས་པའི་ཞལ་སྔ་ནས། དཔལ་དུས་ཀྱི་འཁོར་ལོའི་བསྐྱེད་རྫོགས་ཀྱི་ཟབ་ཁྲིད་མཐོང་བ་དོན་ལྡན་གྱི་ཁྲིད་ཡིག་རྩ་བ་དང༌། ལྷན་ཐབས་འོད་བརྒྱ་འབར་བ། ཕྱོགས་རྒྱལ་གྱི་སྦྱོར་དྲུག་ཐོག་མཐའ་བར་དགེ ལོ་ཆེན་རཏྣ་བྷ་དྲའི་སྦྱོར་དྲུག སྦྱོར་དྲུག་གི་འཁྲུལ་འཁོར་ལག་ལེན་སོགས་ཆ་ལག་ཡོངས་སུ་རྫོགས་པ་དང༌། ཤངས་ཆོས་སྐོར། བདེ་མཆོག་ལྷ་ལྔའི་བསྐྱེད་རིམ། དེའི་རྫོགས་རིམ་ནཻ་གུའི་ཆོས་དྲུག་ཡོངས་རྫོགས་ཀྱི་ཟབ་ཁྲིད་ས་བཅད་ལག་ལེན་བཅས་ཆ་ཚང༌བ། ཀུན་མཁྱེན་ཇོ་ནང་པ་ཡབ་སྲས་བརྒྱུད་འཛིན་དང་བཅས་པའི་བཀའ་ཐ་མ་ཕྱིར་མི་ལྡོག་པ་ངེས་དོན་དབུ་མ་ཆེན་མོའི་རང་ལུགས་ལས་བརྩམས་ཏེ་མདོ་ཕྱོགས་ལམ་རིམ་རྒྱས་འགྲེལ་ཆེན་མོ་དང་སྔགས་ཕྱོགས་རྒྱུད་སྡེ་སྤྱིའི་དབང་ཆོག་རྡོ་རྗེ་ཕྲེང་བ། བདེ་མཆོག་རབ་འབྱམས། དུས་འཁོར་དབང་ཆེན་སོགས་མདོ་དང་སྔགས་ཀྱི་ཟབ་མོའི་བཀའ་རྒྱ་ཆེར་ལེགས་གསན་མཛད་དོ། །སློབ་ཚོགས་མཐའ་ཡས་པར་མདོ་དང་སྔགས་ཀྱི་ཆོས་ཁྲིད་དུས་ནས་དུས་སུ་གནང་མུས་ལ། དགུང་གྲངས་རེ་གཅིག་སྟེ་རབ་བྱུང་བཅོ་ལྔ་བའི་ནང་ཚན་ཤིང་ཕོ་འབྲུག་གི་ལོའི་ཟླ་བ་བཅུ་པའི་ཚེས་ཉེར་ལྔའི་ཉིན་སྔར་རྒྱུན་དུ་ཉིད་ཀྱི་སྐུ་ཆོས་གོས་རྣམ་གསུམ་རྟག་པར་མནབ་སྲོལ་ཡིན་ན་དེའི་ཉིན་ནངས་སྔ་མོ་ནས་གཟིམས་ཁྲིའི་ནང་གི་མལ་སྟན་སོགས་གཙང་དག་བྱེད་དུ་བཅུག ཁོང་གིས་མནབ་ཤམ་པང་སྟེང་དུ་བཞག་སྟེ་ཚུལ་དེ་ཀའི་ངང་ཉིན་དེར་བཞུགས་མཐར་ནུབ་མོའི་བཟའ་བཏུང་གི་བྱ་བ་ལེགས་པར་མཛད་རྗེས་ཕཊ་སྒྲ་ཆུང་འབྲིང་ཆེ་གསུམ་གྱི་མ་མཐའ་ཧིག་སྒྲ་ཆེས་སངས་མོ་ཞིག་གི་ངང་ནས་གཟུགས་སྐུ་གཡོ་བ་མེད་པར་དགོངས་པ་ཆོས་དབྱིངས་སུ་ལེགས་བཞུགས་མཛད་དོ། །སྦྱོར་དྲུག་ཡིག་དང་། གཞུང་ཆེན་དཀའ་འགྲེལ། རིགས་གནས་སྤྱི་བཤད་སོགས་གསུང་རྩོམ་པོད་བཅུ་ཕྲག་གཉིས་ལ་བཞུགས། |