67961

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབའ་ཡ་སོ་དགོན་ (1)
Part of speech མིང་ཚིག
Definition གླིང་གཤིས་ཡ་སོར་བཏབ་ཡོད་པས་ས་མིང་དགོན་པར་བཏགས་ནས་ཡོངས་གྲགས་སུ་ཡ་སོ་དགོན་ཞེས་འབོད། གནས་དེར་ཐོག་མ་གྲུབ་དབང་པདྨ་ཆོས་རྒྱལ་གྱི་སྲས་དྲི་མེད་ཞིང་སྐྱོང་གིས་ས་བསླང་ནས་ས་འདུལ་མཛད་པར་གྲགས། སྟག་བླ་ཡོན་ཏན་རྒྱ་མཚོས་རབ་བྱུང་བཅུ་གཉིས་པའི་མེ་སྦྲུལ་ལོར་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་བཞེངས། དེ་ནས་བྲོ་བླ་པདྨ། བོ་ཁ་བླ་མ་སོགས་རིམ་པར་བྱོན་ནས་སྔ་འགྱུར་བའི་བསྟན་པ་བསྐྱངས། བཤད་སྒྲུབ་ཀྱི་སྲོལ་ཆེར་མ་བྱུང་བས་གྲྭ་པ་ཐམས་ཅད་ཁྱིམ་ཐབ་འཛིན་པ་དང་གཉིས་སུ་མེད། རྫོགས་ཆེན་མཁན་ཆེན་པདྨ་བཛྲ་བྱོན་ནས་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་སྤེལ། འདུ་ཁང་གཅིག་དང་གྲྭ་ཤག་བརྒྱ་ཡོད། འདུ་ཁང་ནང་རྟེན་གཙོ་བོ་ནི། འཇམ་དབྱངས་དང་ཇོ་བོའི་སྐུ་འདྲ་དང་། བི་མའི་ཕྱག་བཟོའི་མཁའ་འགྲོ་སུ་ཥ་སིདྡྷིའི་རུས་རྒྱན། གཏེར་བདག་གླིང་པའི་སྐུ་ཚབ་ང་འདྲ་མ། འཕགས་པ་ཕྱག་ན་པདྨོའི་ལི་སྐུ་སོགས་དང་། བླ་མ་ཡོན་ཏན་བཟང་པོའི་བརྩམ་ཆོས་ཤིང་པར་མ་དང་། བཀའ་འགྱུར་ལྔ། བསྟན་འགྱུར་གཉིས། གཏེར་མཛོད་གཉིས། ཡ་བཞི། མཛོད་བདུན། ཀུན་མཁྱེན་ཡབ་སྲས་ཀྱི་བཀའ་འབུམ་སོགས་ཡོད། སྒྲུབ་མཆོད་གཙོ་བོ་ནི། རྡོར་སེམས། ཐོས་གྲོལ། ཚོགས་ཆེན་བུམ་སྒྲུབ། ཚོགས་ཆེན་འདུས་པ། བཀའ་བརྒྱད་སྒྲུབ་མཆོད། དོང་སྤྲུག སྐུ་གསུམ་ཞི་ཁྲོ། ཁྲོ་རོལ། མགོན་པོའི་ཞག་བདུན་ཕྲག་རེ་འཚོགས་རྒྱུ་ཡོད། ཚོགས་ཆེན་འདུས་པ་ལ་གར་འཆམ་དང་ཁྲོ་རོལ་ལ་ཟོར་འཆམ། དྲག་འཆམ་ལ་གཤིན་རྗེ་སོགས་ཡོད། རི་ཁྲོད་དུ་ཇོ་སེར་བདུན་ཅུ་ཙམ་ཡོད། མཚོ་ཕུ་དགོན་དང་མཉམ་གནས་ཀྱིས་དབྱར་གནས་ཚོགས་རྒྱུ་ཡོད་ཀྱང་དུས་འགྱུར་སྐབས་ཐམས་ཅད་མིང་གི་ལྷག་མར་གྱུར། སྤྲུལ་སྐུ་སྨིན་དྲུག་རྡོ་རྗེས་འདུ་ཁང་དང་ལྷ་རྣམས་་ཉམས་གསོ་བྱས། ནང་རྟེན་དུ་ཐུབ་པ་ཇོ་ལུགས་མ་དང་མཁན་སློབ་ཆོས་གསུམ། བྱམས་པ། འཇམ་དབྱངས་སོགས་ཀྱི་སྐུ་འདྲ་དང་། སྒྲུབ་མཆོད་མ་ཎི་བུམ་སྒྲུབ་དང་། ཐོས་གྲོལ། སྐུ་གསུམ་ཆོ་ག་སྤྱི་གཏོར་བཅས་ཞག་བདུན་རེ་དང་། ཁྲོ་རོལ་ཞག་ལྔ་བཅས་ཁྱོན་ཞག་བཞི་བཅུ་ཙམ་འཚོགས་བཞིན་ཡོད།